སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽

བཀྲ་བྷ།        2020-04-08

ཉིས་བརྒྱ་ཞེ་གཅིག ཅི་ཞིག་ལ་སྟེས་དབང་ཟེར།

   ལན། སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། མི་སྣའམ་དོན་དག་བར་ལ་ཀུན་སློང་མེད་པའམ་སྟབས་འགྲིག་པའི་སྒོ་ནས་འབྲེལ་བ་བྱུང་བ་ལ་སྟེས་དབང་ཟེར་ཞིང་། དེ་ནི་སྒྲུང་གཏམ་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་བྱུང་རིམ་ལ་མཐུ་སྟོབས་སྩོལ་ལུགས་ཤིག་ཡིན་པར་བརྗོད་པ་དང་། ཕུལ་དུ་བྱུང་བའི་སྒྲུང་གཏམ་པ་སྐོར་དང་རིམ་པ་ཞིག་གིས་སྟེས་དབང་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་བསྩལ་ཏེ། བརྩམས་ཆོས་རྨད་དུ་བྱུང་བ་མང་པོ་བརྩམས་འདུག  

ཉིས་བརྒྱ་ཞེ་གཉིས། སྟེས་དབང་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་གང་དག་ཡོད།

   ལན། སྒྲུང་གཏམ་རྩོམ་ལུགས་སྨྲ་བ་སྐོར་ཞིག་གི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་ལག་ལེན་ལྟར་ན།སྐབས་འདིའི་སྟེས་དབང་ལ་ནང་གསེས་སུ་དབྱེ་ན་དོན་དག་ཐད་ཀྱི་སྟེས་དབང་དང་མི་སྣ་ཐད་ཀྱི་སྟེས་དབང་། ཁོར་ཡུག་ཐད་ཀྱི་སྟེས་དབང་བཅས་གསུམ་ཡོད་པར་སྙམ། 

ཉིས་བརྒྱ་ཞེ་གསུམ། ཅི་ཞིག་ལ་ཁོར་ཡུག་ཐད་ཀྱི་སྟེས་དབང་ཟེར་བ་དང་། གསར་རྩོམ་དངོས་ལ་འཇུག་སྐབས་སྤྱོད་སྟངས་ག་འདྲ་ཡོད།

   ལན། ཁོར་ཡུག་ཐད་ཀྱི་སྟེས་དབང་ཞེས་པ་ནི་སྔོན་ན་འབྲེལ་བ་ཡོད་པའི་ཁོར་ཡུག་གཉིས་སམ་དུ་མའི་བར་ལ་མིའི་ཀུན་སློང་གི་དབང་དུ་མ་སོང་བར་འབྲེལ་བ་བྱུང་བའམ། སྔོན་ལ་འབྲེལ་བ་མེད་པའི་ཁོར་ཡུག་གཉིས་སམ་དུ་མའི་བར་ལ་མིའི་ཀུན་སློང་གི་དབང་དུ་མ་སོང་བར་འབྲེལ་བ་བྱུང་ལ་གོ་ན་འགྲིག་པར་སྙམ་ལ། གང་ལྟར་ཁོར་ཡུག་བར་ལ་སྟེས་དབང་གི་འབྲེལ་བ་འདི་འདྲ་བྱུང་ན།  སྒྲུང་གཏམ་ལས་གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བ་གཉིས་སམ་དུ་མ་ནང་འགལ་མེད་པའི་སྒོ་ནས་ལྷན་དུ་སྡེབ་པ་དང་། ཀློག་པ་པོ་ནི་གཏམ་རྒྱུད་ཀྱི་རྒྱུན་ཞིག་ནས་རྒྱུན་གཞན་ཞིག་ལ་འཇུག་སྐབས་བློ་ལ་ཁེགས་པ་མེད་པར་འགྱུར་ངེས་ཡིན། དཔེར་ན་ཁོ་བོའི་སྒྲུང་གཏམ《ནས》ལ་ཆ་མཚོན་ན། བརྗོད་བྱ་ནི་ཇོ་རུས་འདན་མའི་ནས་རྫོང་ཕབ་པ་དང་སྔགས་འཆང་པདྨ་ཁྲོ་རྒྱལ་གྱིས་མེས་པོའི་གཅེས་ནོར་བཙལ་པའི་གོ་རིམ་དེ་ཡིན་ལ། རང་ངོས་ན་འབྲེལ་བ་ཅི་ཡང་མེད་པའི་གཏམ་རྒྱུད་ཀྱི་རྒྱུན་དེ་གཉིས་འགལ་བ་མེད་པར་ལྷན་དུ་བསྡེབས་ཏེ་སྒྲུང་གཏམ་ལ་བརྗོད་བྱ་རིལ་པོ་གཅིག་སྒྲིག་ཆེད། སྒྲུང་མགོ་འཛིན་སྐབས་བྱུང་རིམ་དང་ཁོར་ཡུག་བཀོད་འབྲི་བྱེད་པའི་འགྲོས་དང་བསྟུན་ནས“གནས་རི་སེང་གེ་རབ་བརྟན་ཤར་ཕྱོགས་ཀྱི་རི་བོ་མདུན་ཅོག་འདྲ་བ་དེ་ཡི་ཀླད་ནས་འཇའ་རིས་རིམ་པ་གཉིས་ཤར་བྱུང་ལ།ནང་རོལ་གྱི་འཇའ་རིས་དེ་ཡི་སྣེ་གཅིག་སེང་གེ་རབ་བརྟན་ཀླད་ཀྱི་སེང་ཆེན་རྒྱལ་པོའི་བཞུགས་ཁྲི་སྟེང་ལ་བབས་པ་དང་། ཕྱི་རོལ་གྱི་འཇའ་རིས་དེ་ཡི་སྣེ་གཅིག་ནི་བར་སྣང་སྟོང་བའི་དབྱིངས་ནས་རྒྱང་ལ་འཐེན་ཏེ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྐུ་མཁར་གནམ་རྫོང་ཕྱུག་མོའི་ཡང་སྟེང་ལ་བབས་བྱུང”[1]ཞེས་བརྗོད་དེ། འཇའ་རིས་ལ་བརྟེན་ནས་སེང་གེ་རབ་བརྟན་མདུན་གྱི་རི་བོ་དང་སྐུ་མཁར་གནམ་རྫོང་ཕྱུག་མོ་གཉིས་ཀ་སྟེས་དབང་གིས་གཞི་གཅིག་ལ་སྦྲེལ་བ་ན། གཏམ་རྒྱུན་གྱི་རྒྱུན་གཉིས་ཀར་འབྲེལ་བ་འཛུགས་ཐུབ་པར་གྱུར་པ་མ་ཟད། ཀློག་པ་པོ་རྣམས་སྔགས་འཆང་པདྨ་ཁྲོ་རྒྱལ་གྱི་གཏམ་རྒྱུད་ནས་ཇོ་རུའི་གཏམ་རྒྱུད་ལ་འཇུག་ན་བློ་གེགས་མེད་པའི་དགེ་མཚན་ལྡན་པར་གྱུར།

ཉིས་བརྒྱ་ཞེ་བཞི། ཅི་ཞིག་ལ་དོན་དག་ཐད་ཀྱི་སྟེས་དབང་ཟེར་བ་དང་། གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། དོན་དག་ཐད་ཀྱི་སྟེས་དབང་ནི་དོན་དག་གཉིས་སམ་དུ་མར་མིའི་ཀུན་སློང་གི་དབང་དུ་མ་སོང་བར་འབྲེལ་བ་བྱུང་བ་ལ་གོ་དགོས་ཏེ། དཔེར་ན་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨིག·ཧིན་ལིས་ལགས་ཀྱི《མའེ་ཆི་ཡི་ལེགས་སྐྱེས》ཞེས་པ་ནི་དོན་དག་ཐད་ཀྱི་སྟེས་དབང་ལ་བརྟེན་ནས་གསར་རྩོམ་བྱས་པའི་སྒྲུང་གཏམ་གྲགས་ཅན་ཞིག་ཡིན་ལ། སྒྲུང་གཏམ་དུ་ཁྱོ་ཤུག་དབུལ་བོ་གཉིས་ཀྱིས་ཡེ་ཤུའི་འཁྲུངས་སྐར་ལ་ཕན་ཚུན་ལ་ལེགས་སྐྱེས་ཤིག་ཉོ་འདོད་མོད། གཉིས་ཀའི་སུ་ཞིག་ཡིན་རུང་སྒོར་མོ་མེད་པས།ཁྱོ་གས་རང་གི་མེས་པོ་གཅེས་ནོར་ཏེ་བྲང་འདོགས་ཆུ་ཚོད་ཅིག་ཡོད་པ་དེ་བཙོངས་ནས་ཆུང་མར་སོ་མང་ཞིག་ཉོས་པ་དང་། ཆུང་མས་རང་གི་སྐྲ་བཅད་ནས་བཙོངས་ཏེ་ཁྱོ་གའི་ཆུ་ཚོད་ལ་ལུང་བུ་ཞིག་ཉོས་པ་ན། ཁྱོ་ཤུག་གཉིས་ཀས་ཕན་ཚུན་ལ་ལེགས་སྐྱེས་འབུལ་སྐབས་སོ་མང་དང་ལོང་བུ་གཉིས་ཀ་དགོས་མཁོ་ཅི་ཡང་མེད་པར་གྱུར་པ་ལྟ་བུའོ།། ཁོ་བོའི་སྒྲུང་གཏམ་ཁྲོད་ན《མའེ་ཆི་ཡི་ལེགས་སྐྱེས》ལྟ་བུའི་སྟེས་དབང་ལ་བརྟེན་ནས་བྱུང་རིམ་སྟོབས་བསྩལ་ཏེ་བརྩམས་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་གཅིག་ཀྱང་མེད་མོད། བྱུང་རིམ་ཕྲན་བུ་ནི་སྟེས་དབང་ལ་བརྟེན་ནས་བཀོད་སྒྲིག་བྱས་པའི་སྒྲུང་གཏམ་ནི་ཅུང་མང་སྟེ། དཔེར་ན《ཟླ་བ་དང་མེ་ལོང》ཞེས་པར་སྐྲ་ལོ་རིང་པོ་ཅན་གྱིས་ཟླ་བ་སྒྲོལ་མ་མ་དཔེ་བྱས་ཏེ་རི་མོ་འབྲི་སྐབས། “གར་ཡོང་གང་ཡོང་མེད་པའི་ཕྱེ་མ་ལེབ་དམར་པོ་ཞིག་འཕུར་ཡོང་སྟེ་མོའི་དཔྲལ་ངོས་དང་རྣ་རྩེ་ལ་འབབ་རྩིས་བྱས་པས།ཟླ་བ་སྒྲོལ་མས་འདིར་ཤོག་ཟེར་བའི་ཚུལ་གྱིས་གཡས་ལག་གི་གོང་འཛུབ་དེ་ཡར་ཀེར་བ་ན། སྲོག་ཆགས་དམར་པོ་དེ་ཡིས་ཅི་ཞིག་རྟོགས་པ་ལྟར་མཛུབ་མོའི་རྩེ་ལ་བབས་ཏེ་གཤོག་པ་རྡེབ་བཞིན་ངལ་གསོའི་ལས་ལ་རོལ”བ་དང་། སྐྲ་ལོ་རིང་པོ་ཅན་གྱིས་སྟེས་དབང་གིས་བྱུང་བའི་རྣམ་པ་དེ་རི་མོར་བཀོད་པ་ན། རི་མོར་མཛེས་ཉམས་སྔ་ན་མེད་པ་ཞིག་ལྡན་པར་གྱུར་པ། ཟླ་བ་སྒྲོལ་མས་རང་ཉིད་མ་དཔེ་བྱས་པའི་རི་མོ་ལ་ལྟ་སྐབས། ཤ་སྦྲང་ཞིག་འཕུར་ཡོང་སྟེ་རི་མོ་ངོས་ལ་བབས་རྗེས་སུག་པ་ཚོན་རྩིར་འབྱར་ཏེ་འཕུར་མ་ཐུབ་པས། “ཟླ་བ་སྒྲོལ་མས་གཡས་ལག་བསྲིངས་ཏེ་ཤ་སྦྲང་ཚོན་རྩི་དང་བཅས་པ་མཛུབ་རྩེར་བླངས”པ་ན། རི་མོའི་ངོས་སུ་ཁོ་མོའི“མྱོས་བུམ་གཡས་པའི་གོང་རོལ་དུ་ཁུང་བུ་ཆུང་ཆུང་ཞིག་བརྡོལ་ཏེ་འོག་གི་ཤའང་མཐོང་ཡོང”[2]བའི་མཛེས་ཉམས་བྱུང་བ་སོགས་ནི་བྱུང་རིམ་བཀོད་སྒྲིག་ནི་སྟེས་དབང་ལ་བརྟེན་པའི་མཐའ་འབྲས་ལས་མ་འདས་སོ།།

ཉིས་བརྒྱ་ཞེ་ལྔ། ཅི་ཞིག་ལ་མི་སྣ་ཐད་ཀྱི་སྟེས་དབང་ཟེར། དེ་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། མི་སྣ་ཐད་ཀྱི་སྟེས་དབང་ཞེས་པ་ནི་སྔོན་ན་འབྲེལ་བ་ཡོད་པའི་མི་སྣ་གཉིས་སམ་དུ་མའི་བར་ལ་མིའི་ཀུན་སློང་གི་དབང་དུ་མ་སོང་བར་འབྲེལ་བ་བྱུང་བའམ། སྔོན་ལ་འབྲེལ་བ་མེད་པའི་མི་སྣ་གཉིས་སམ་དུ་མའི་བར་ལ་མིའི་ཀུན་སློང་གི་དབང་དུ་མ་སོང་བར་འབྲེལ་བ་བྱུང་ལ་གོ་དགོས་འདུག་ཅིང་། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣ་ཐད་ཀྱི་སྟེས་དབང་ལ་བརྟེན་ནས་བྱུང་རིམ་བཀོད་སྒྲིག་བྱས་པ་ན། བྱུང་རིམ་གྱི་འགལ་བ་རྙོག་དྲ་ཅན་དུ་འགྱུར་སྲིད་པ་མ་ཟད། བྱུང་རིམ་གྱི་འཕེལ་ཕྱོགས་ལ་ཀློག་མཁན་གྱི་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་འབྱུང་བ་མ་ཟད།  མི་སྣའི་གཤིས་ཀ་མཚོན་པ་ལ་དགེ་མཚན་ཆེན་པོ་ལྡན་པར་བརྗོད། དཔེར་ན་ཁོ་བོའི་སྒྲུང་གཏམ《བསོད་ནམས》ཀྱི་མི་སྣ་གཙོ་ཕལ་གཉིས་ཀ་སྟེ་བགྲེས་མོ་བདེ་ཆེན་མཁའ་འགྲོ་དང་མ་ཡུམ་བདེ་ཆེན་མཁའ་འགྲོ་གཉིས་ལ་ཆ་མཚོན་ན། “གཉིས་ཀའི་མིང་གཅིག་ཡིན་པ་མ་ཟད། ལོ་གཅིགཟླ་གཅིགཉིན་གཅིགདུས་ཚོད་གཅིག་ལ་འཇིག་རྟེན་མི་ཡུལ་དུ་བསླེབས་པ”དང་། ཆུང་བའི་དུས་སུ་སྔ་མ་ནི་ཕྱུག་པོའི་བུ་མོ་དང་ཕྱི་མ་ནི་ཕྱུག་པོའི་གཡོག་མོ་ཡིན་རུང་། “དུས་ཡུན་རིང་པོར་འགྲོགས་པ་ན། གྲོགས་མོ་བདེ་ཆེན་མཁའ་འགྲོ་དང་ངེད་གཉིས་ཀར་མ་གཅིག་སྤུན་ལས་ལྷག་པའི་བརྩེ་སེམས་ཆགས”པ་ནི་སྟེས་དབང་ཞིག་ཡིན་ལ། གཞོན་ནུ་མ་གཉིས་ཀ་འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས་རྗེས། དེ“གཉིས་ཀས་ལོ་གཅིག་དང་ཟླ་གཅིག ཉི་མ་གཅིག་དང་དུས་ཚོད་གཅིག་ལ་བུ་རེ་བཙས་པ་དང་། ཁྱིམ་གཉིས་ཀས་ཁྱིམ་མི་ཐམས་ཅད་རང་རང་གི་ཁྱིམ་ལ་འདུས་ཏེ། རང་རང་གི་བྱིས་པར་མིང་རེ་བཏགས་པ་ན། ཕན་ཚུན་ལ་གྲོས་ནི་གཏན་ནས་མ་བཏབ་རུང་།”བུ་གཉིས་ཀའི་མིང་ལ་བསོད་ནམས་བཏགས་འདུག་པ་དེའང་སྟེས་དབང་ལས་མ་འདས། མི་སྣའི་བར་ལ་སྟེས་དབང་གི་འབྲེལ་བ་དེ་འདྲ་ཡོད་པ་མ་ཟད། སྔར་དུས་སྔགས་པ་འཁྱམ་པོ་དེ་ཚེ་རབས་ཕྱི་ཨ་མ་འཚོལ་པར་སླེབས་སྐབས། ཕྱུག་པོའི་བུ་མོ་བདེ་ཆེན་དབང་མོས་ཁོང་ཉིད་དང་ལེན་མ་བྱས་པ་ན། ཁོང་ཉིད་ནི་གཡོག་མོ་བདེ་ཆེན་དབང་མོའི་སྲས་སུ་འཁྲུངས་པས།མི་སྣའི་ལས་དབང་དང་སྒྲུང་གཏམ་གྱི་བྱུང་རིམ་ལ་ཀློག་མཁན་གྱི་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་སྟེ། “མཁའ་ལྡིང་ཡང་སྲིད་དགུང་ལོ་བདུན་ལ་སོན་སྐབས། མཁའ་ལྡིང་དགོན་གྱིས་སྤྲུལ་སྐུ་དང་ཁོང་གི་ཁྱིམ་མི་མདོ་སྟོད་ཕྱོགས་སུ་གདན་དྲངས”པ་ན། གཡོག་མོ་བདེ་ཆེན་དབང་མོ་ནི་མ་ཡུམ་བདེ་ཆེན་དབང་མོར་གྱུར་ཏེ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་མགོ་བརྩམས་མོད། དུས་དེ་ནས་བཟུང་ཕྱུག་པོའི་བུ་མོ་བདེ་ཆེན་དབང་མོའི་མི་ཚེ་ནི་རྒུད་པའི་ལམ་ལ་ཞུགས་ཏེ། “ཁོ་ཚོ་འགྲོ་ཁར་ཁྱིམ་གཞིས་དང་རྟ་ནོར་ལུག་གསུམ་དང་བཅས་པ་བདག་གི་ཁྱིམ་མིར་སྦྱིན་མོད། ལོ་འགའི་རྗེས་སུ་ཁྱིམ་ལ་ཅི་ཡོད་ཐམས་ཅད་ནམ་མཁའི་འཇའ་ལྟར་ཡལ་ཏེ་གར་སོང་རྗེས་མེད་དུ་གྱུར། དེའི་རྗེས་སུ་ཕ་མ་གཉིས་ཀ་སྔ་གཞུག་ཏུ་ཚེ་ལས་འདས། ཡང་དེའི་རྗེས་སུ་ཁྱོ་ག་ཕ་བུ་གཉིས་ཀའི་ཚེ་སྲོག་དགྲ་ལག་ཏུ་ཤོར་པས། བདག་ནི་བདག་པོ་མེད་པའི་ཁྱི་ལྡོམ་ཇི་བཞིན་ཉེ་འཁོར་གྱི་ཡུལ་གྲུ་ཀུན་ལ་འཁྱམས་ཏེ་སློང་མོ་ལ་བརྟེན་ནས་འཚོ་བ་མི་རོལ་ཀ་མེད་བྱུང”བ་དང་། “སྐབས་ཤིག་ལ། མཁའ་ལྡིང་ཡིད་བཞིན་ནོར་བུས་བདག་གི་གནས་ཚུལ་མཁྱེན་ཏེ། གྲྭ་པ་གྲིམ་པོ་འགའ་མངགས”[3]ནས་ཁོ་མོ་མཁའ་ལྡིང་དགོན་ལ་ཁྲིད་པ་ལྟ་བུའོ།།

ཉིས་བརྒྱ་ཞེ་དྲུག བྱུང་རིམ་སྒྲིག་སྦྱོར་གྱི་སྐབས་སུ་སྟེས་དབང་གི་ཐབས་ལམ་ལ་སྤྱོད་ལུགས་གང་དག་ཡོད།

   ལན། སྟེས་དབང་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་སྩོལ་ལུགས་གླེང་སྐབས། འབྲེལ་ཡོད་མཁས་པས་གསུངས་པའི་གཏམ་བདེན་པར་རློམ་རུང་བ་ཞིག་ནི་མ་མཐོང་མོད། ཁོ་བོའི་གསར་རྩོམ་གྱི་ཉམས་མྱོང་ལྟར་ན། དོན་དག་ཐད་ཀྱི་སྟེས་དབང་ཡིན་ན་འདྲ། མི་སྣ་ཐད་ཀྱི་སྟེས་དབང་ཡིན་ན་ཆོག ཁོར་ཡུག་ཐད་ཀྱི་སྟེས་དབང་ཡིན་ཀྱང་རུང་། གཏམ་རྒྱུད་ཀྱི་བྱུང་རིམ་ལ་སྟོབས་སྩོལ་ལུགས་ནི་གསུམ་ཡོད་པ་འདྲ་སྟེ། དེ་དག་ནི་སྟེས་དབང་ནི་འགལ་བའི་འབྱུང་གཞིར་འགོད་པ་དང་། སྟེས་དབང་གིས་ཟམ་པའི་དོད་བྱེད་པ་དང་། སྟེས་དབང་གིས་བྱུང་རིམ་ལ་ཟུར་རྒྱན་སྤྲོ་བ་རྣམས་སོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽

ཉིས་བརྒྱ་ཞེ་བདུན། སྟེས་དབང་འགལ་བའི་འབྱུང་གཞིར་གང་ལྟར་འགོད་དགོས།

   ལན། སྒྲུང་གཏམ་ལ་བྱུང་རིམ་གཙོ་བ་དང་བྱུང་རིམ་ལ་འགལ་བ་གཙོ་བ་ན། སྐབས་རེར་རྩོམ་པ་པོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས།  སྟེས་དབང་ནི་འགལ་བའི་འབྱུང་གཞིར་བཀོད་དེ་བྱུང་རིམ་འགལ་བ་དང་ལྡན་པ་ཞིག་འབྱུང་བར་འབད་བཞིན་ཡོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《བསོད་ནམས》ལ་ཆ་མཚོན་ན། མི་སྣ་གཙོ་ཕལ་གཉིས་ཀ་སྟེ་བགྲེས་མོ་བདེ་ཆེན་དབང་མོ་དང་མ་ཡུམ་བདེ་ཆེན་དབང་མོ“གཉིས་ཀའི་མིང་གཅིག་ཡིན་པ་མ་ཟད། ལོ་གཅིག ཟླ་གཅིག ཉིན་གཅིག  དུས་ཚོད་གཅིག་ལ་འཇིག་རྟེན་མི་ཡུལ་དུ་བསླེབས་པ”དང་།   རྗེས་སུ“གཉིས་ཀས་ལོ་གཅིག་དང་ཟླ་གཅིག   ཉི་མ་གཅིག་དང་དུས་ཚོད་གཅིག་ལ་བུ་རེ་བཙས་པ་དང་།  ཁྱིམ་གཉིས་ཀས་ཁྱིམ་མི་ཐམས་ཅད་རང་རང་གི་ཁྱིམ་ལ་འདུས་ཏེ།   རང་རང་གི་བྱིས་པར་མིང་རེ་བཏགས་པ་ན།”[4]  བུ་ཆུང་གཉིས་ཀའི་མིང་ལ་བསོད་ནམས་ཐོགས་འདུག་པ་ནི་སྟེས་དབང་ཞིག་ཡིན་ལ།   ཁོ་བོས《བསོད་ནམས》གསར་རྩོམ་བྱེད་སྐབས། གོང་གི་སྟེས་དབང་གིས་བྱུང་བའི་དོན་དག་དེ་གཉིས་ཀ་སྤྲུལ་སྐུའི་མ་ཡུམ་དུ་གྱུར་དང་མ་གྱུར་པའི་འགལ་བའི་འབྱུང་གཞིར་བཀོད་དེ་བྱུང་རིམ་མདུན་ལ་དེད་པ་ན། སྒྲུང་གཏམ་ལ་གཏམ་རྒྱུད་རྙོག་དྲ་ཅན་ཞིག་བྱུང་བ་དང་། མི་སྣའི་གཤིས་ཀ་དང་ལས་དབང་གཟུགས་རིས་གསལ་བའི་སྒོ་ནས་མཚོན་ཐུབ་པར་གྱུར།  

ཉིས་བརྒྱ་ཞེ་བརྒྱད། སྟེས་དབང་གིས་བྱུང་རིམ་ལ་ཟུར་རྒྱན་ནི་གང་ལྟར་སྤྲོ་དགོས།

   ལན། སྒྲུང་གཏམ་ལ་ལར་སྟེས་དབང་ལ་བརྟེན་ནས་འགལ་བ་སློང་མི་དགོས་རུང་། ཀུན་སློང་མེད་པའམ་སྟབས་འགྲིག་སྟེ་འབྲེལ་བ་བྱུང་བའི་བྱུང་རིམ་བཀོད་སྒྲིག་བྱས་པ་ན། དེ་བྱུང་རིམ་མཛེས་པར་བྱེད་པའི་ཆོས་སུ་འགྱུར་ངེས་ཡིན། དཔེར་ན་ཁོ་བོའི་སྒྲུང་གཏམ《ཟླ་བ་དང་མེ་ལོང》དུ་སྐྲ་ལོ་རིང་པོ་ཅན་གྱིས་ཟླ་བ་སྒྲོལ་མ་མ་དཔེ་བྱས་ཏེ་རི་མོ་འབྲི་སྐབས། ཟླ་བ་སྒྲོལ་མའི་སོར་རྩེར་ཕྱེ་མ་ལེབ་ཅིག་བབས་པ་དང་།    རི་མོ་ངོས་ལ་ཤ་སྦྲང་བབས་རྗེས། “ཟླ་བ་སྒྲོལ་མས་གཡས་ལག་བསྲིངས་ཏེ་ཤ་སྦྲང་ཚོན་རྩི་དང་བཅས་པ་མཛུབ་རྩེར་བླངས”པ་ན། རི་མོའི་ངོས་སུ་ཁོ་མོའི“མྱོས་བུམ་གཡས་པའི་གོང་རོལ་དུ་ཁུང་བུ་ཆུང་ཆུང་ཞིག་བརྡོལ་ཏེ་འོག་གི་ཤ”མངོན་བྱུང་བ་དེའང་སྟེས་དབང་ཡིན་ལ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོ་བོས་སྟེས་དབང་འདིའི་ལ་བརྟེན་ནས་བྱུང་རིམ་ལ་ཟུར་རྒྱན་སྤྲས་ཏེ། བརྩམས་ཆོས་ལ་རྩོམ་ཉམས་ཆེན་པོ་ལྡན་པར་འགྱུར་བར་འབད་པ་བྱས་པ་ཡིན་ནོ།།

ཉིས་བརྒྱ་ཞེ་དགུ། སྟེས་དབང་གིས་ཟམ་པའི་དོད་ནི་གང་ལྟར་བྱ་དགོས།

   ལན། སྒྲུང་གཏམ་ལ་ལའི་བྱུང་རིམ་ལ་རྙོག་དྲ་ཆེ་བ་ན།སྟེས་དབང་ལ་བརྟེན་ནས་འགལ་བ་སློང་མི་དགོས་རུང་། རང་ངོས་ན་འབྲེལ་བ་མེད་པའི་བྱུང་རིམ་དང་རྒྱུན་མི་འདྲ་བའི་གཏམ་རྒྱུད་གཉིས་སམ་དུ་མ་ལྷན་དུ་སྦྲེལ་སྐབས། བྱུང་རིམ་དང་གཏམ་རྒྱུད་བར་ལ་ཀུན་སློང་མེད་པའམ་སྟབས་འགྲིག་པའི་སྒོ་ནས་འབྲེལ་བ་བྱུང་ན། འབྲེལ་བ་དེ་ནི་བྱུང་རིམ་དང་བྱུང་རིམ། གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བའི་བར་ལ་ཟམ་པ་ལྟ་བུར་གྱུར་ཏེ། ཕན་ཚུན་འཕལ་ཀ་འཕྲོད་པ་དང་ལྷུ་ཚིགས་འཕྲོད་པའི་ངང་ནས་གཞི་གཅིག་ལ་འདུས་ཐུབ། དཔེར་ན་ཁོ་བོའི་སྒྲུང་གཏམ《ནས》སུ“གནས་རི་སེང་གེ་རབ་བརྟན་ཤར་ཕྱོགས་ཀྱི་རི་བོ་མདུན་ཅོག་འདྲ་བ་དེ་ཡི་ཀླད་ནས་འཇའ་རིས་རིམ་པ་གཉིས་ཤར་བྱུང་ལ།ནང་རོལ་གྱི་འཇའ་རིས་དེ་ཡི་སྣེ་གཅིག་སེང་གེ་རབ་བརྟན་ཀླད་ཀྱི་སེང་ཆེན་རྒྱལ་པོའི་བཞུགས་ཁྲི་སྟེང་ལ་བབས་པ་དང་། ཕྱི་རོལ་གྱི་འཇའ་རིས་དེ་ཡི་སྣེ་གཅིག་ནི་བར་སྣང་སྟོང་བའི་དབྱིངས་ནས་རྒྱང་ལ་འཐེན་ཏེ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྐུ་མཁར་གནམ་རྫོང་ཕྱུག་མོའི་ཡང་སྟེང་ལ་བབས”[5]པ་དང་། 《མེད》དུ་པེ་ཅིང་དང་རྨ་ཆེན་གངས་རིའི་འདབས་རོལ་གྱི་གནམ་གཤིས་ལ་གཅིག་གྱུར་ཀྱི་འགྱུར་བྱུང་བའང་སྟེས་དབང་ཞིག་ཡིན་ལ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོ་བོས་སྟེས་དབང་འདིའི་རིགས་ནི་བྱུང་རིམ་དང་གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བ་གཉིས་སམ་དུ་མ་ལྷན་དུ་སྦྲེལ་བྱེད་དང་། གཏམ་རྒྱུད་ཅིག་ནས་གཏམ་རྒྱུད་གཞན་ཞིག་ལ་འཇུག་སྐབས་ཀྱི་ཟམ་པའི་དོད་ལ་བཀོད་དེ། ཀློག་པ་པོ་ནི་རང་ཉིད་ཀྱི་འདོད་བློ་ལྟར་བརྩམས་ཆོས་ཁྲོད་ལ་དྲངས་པ་ཡིན།

ཉིས་བརྒྱ་ལྔ་བཅུ། བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་སྟེང་དབང་གི་ཐབས་ལམ་སྤྱོད་ན་ཆ་རྐྱེན་གང་དག་ལྡན་དགོས།

ལན།སྟེས་དབང་ནི་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་མོད། འོན་ཏེ་སྟེས་དབང་ནི་བདེན་ཁ་མི་འཆོར་བ་དང་། གནས་ལུགས་དང་མཐུན་པ། མིའི་བློ་ཡུལ་ལས་འགོངས་པ་ཞིག་ཡིན་དགོས་ཏེ། གཏམ་རྒྱུད་ཀྱི་གོ་རིམ་ནི་སྟེས་དབང་ཁོ་ན་ལ་བརྟེན་ནས་བཀོད་སྒྲིག་བྱས་ན། མི་སྣའི་གཤིས་ཀ་མངོན་དཀའ་བ་མ་ཟད། བྱུང་རིམ་ཡང་འཚོ་བའི་གཏན་ཚིགས་ལ་མི་འགལ་བའི་སྒོ་ནས་མདུན་ལ་འདེད་མི་ནུས་པས། སྒྲུང་གཏམ་གྱི་བྱུང་རིམ་སྟེས་དབང་ལ་བརྟེན་ནས་བཀོད་སྒྲིག་བྱེད་ན་ཆ་རྐྱེན་གསུམ་ཚང་དགོས་པར་བརྗོད་དེ། གཅིག དོན་དག་གཉིས་སམ་དུ་མའི་བར་ན་འབྲེལ་བ་ཡོད་དགོས། གཉིས། སྟེས་དབང་ནི་བསམ་བཞིན་དུ་བཀོད་སྒྲིག་བྱས་པ་ཞིག་མ་ཡིན་པར་ཀུན་སློང་གི་དབང་དུ་མ་སོང་བར་བྱུང་བ་ཞིག་ཡིན་དགོས། གསུམ། དོན་དག་གི་འབྲེལ་བ་ནི་བསམ་ཡུལ་ལས་འདས་པ་དང་མིའི་ཡིད་དབང་འཕྲོག་པ་ཞིག་ཡིན་དགོས།

ཉིས་བརྒྱ་ང་གཅིག ཅི་ཞིག་ལ་དོགས་སློང་ཟེར།

   ལན། རྩོམ་པ་པོས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བྱུང་རིམ་གྱི་འགྱུར་ལྡོག་ལ་བརྟེན་ནས་ཀློག་མཁན་ལ་དོགས་པ་སློང་བ་དང་། དོགས་པ་ཆེ་ཆུང་སྣ་ཚོགས་ལ་བརྟེན་ནས་ལྟ་ཀློག་གི་འདུན་པ་བསྐྱེད་ཆེད། རྩོམ་གྲབས་ཡོད་པའི་བརྩམས་ཆོས་ཀྱི་བརྗོད་བྱའི་ཁྱད་ཆོས་དམིགས་སུ་བཟུང་སྟེ། ཐོག་མར་གབ་ལེན་སྦས་པ་དང་གབ་ཚིག་འདྲེན་པའི་ཚུལ་གྱིས་བྱུང་རིམ་མདུན་ལ་འདེད་པ་དང་། གབ་ཚིག་གི་རྣམ་པར་གནས་པའི་བྱུང་རིམ་གང་ཞིག་མདུན་ལ་དེད་དེ་ཀློག་མཁན་གྱིས་གབ་ལན་རྟོགས་པར་རེ་ལྟོས་ཡོད་པར་གྱུར་རྗེས། གོ་སྐབས་འོས་ཤིང་འཚམ་པ་ཞིག་གི་སྐབས་སུ་གབ་ལན་དྲངས་ཏེ་ཀློག་མཁན་གྱི་དོགས་པ་སེལ་བཞིན་ཡོད་ལ། སྤྲོས་བརྗོད་ཀྱི་ཐབས་ལམ་འདི་ལ་དོགས་པ་བསླངས་ཏེ་དོགས་གཞི་བཟོ་བ་ཞེས་བརྗོད་ན་འགྲིག་པ་འདྲ། 

ཉིས་བརྒྱ་ང་གཉིས། དོགས་སློང་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་གང་དག་ཡོད།

   ལན། སྒྲུང་གཏམ་གང་ཞིག་གསར་རྩོམ་བྱེད་སྐབས། བརྗོད་བྱའི་ཁྱད་ཆོས་ལྟར་དོགས་པ་བསླངས་ཏེ་དོགས་གཞི་བཟོ་ན་གོ་རིམ་ནི་གསུམ་ཡོད་དེ། དོགས་པ་སློང་བ་དང་། དོགས་གཞི་རྒྱ་སྐྱེད་པ་དང་། དོགས་པ་སེལ་བ་རྣམས་སོ།། སྐབས་འདིའི་དོགས་པ་སློང་བ་ཞེས་པ་ནི་སྒྲུང་གཏམ་ཁྲོད་ལ་ཀློག་མཁན་གྱི་བློ་ཡུལ་ལས་འདས་པའམ་བློ་ཡུལ་ལས་འགོངས་པའི་བྱུང་རིམ་དྲངས་པ་ལ་གོ་བ་དང་། དོགས་གཞི་རྒྱ་བསྐྱེད་པ་ཞེས་པ་ནི་སྔར་གྱི་དོགས་གཞིའི་ཁྲོད་ལ་དོགས་གཞི་གསར་བ་བསྣན་པ་ལ་གོ་དགོས་པ་དང་། དོགས་པ་སེལ་བ་ནི་བྱུང་རིམ་གྱི་འགྲོས་དང་བསྟུན་ནས་སྔར་གྱི་གབ་ཚིག་གི་ཚུལ་དུ་གནས་པའི་བྱུང་རིམ་ལ་གབ་ལན་སྤྲད་པར་གོ་དགོས་འདུག དོགས་སློང་ལ་ནང་གསེས་སུ་དབྱེ་ན་དོགས་གཞི་གཅིག་ཅན་དང་། དོགས་གཞི་ཕྱི་རིམ་ནང་རིམ་ཅན་དང་། དོགས་གཞི་ཕྱི་རིམ་ནང་རིམ་ཅན་དང་། དོགས་གཞི་ཨ་ལོང་ཡང་ལོང་ཅན་བཅས་གསུམ་ཡོད་དོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽

ཉིས་བརྒྱ་ང་གསུམ། ཅི་ཞིག་ལ་དོགས་གཞི་གཅིག་ཅན་གྱི་དོགས་པ་སློང་ལུགས་ཟེར། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། སྒྲུང་གཏམ་མང་པོ་ཞིག་ནི་གཏམ་རྒྱུད་ཀྱི་རྒྱུན་གཅིག་གིས་གྲུབ་ཡོད་པ་དང་། དོགས་གཞིའང་གཅིག་ལས་མེད་པ་ན། དོགས་གཞི་བསལ་བ་དང་བསྟུན་ནས་སྒྲུང་གཏམ་ཡང་མཇུག་རྫོགས་པ་ཡིན་ལ། སྒྲུང་གཏམ་འདིའི་རིགས་ནི་དོགས་གཞི་གཅིག་ཅན་གྱི་སྒྲུང་གཏམ་གྱི་ཁོངས་སུ་གཏོགས། དཔེར་ན་ཁོ་བོའི་སྒྲུང་འབྲིང་སྟེ《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ལ་ཆ་མཚོན་ན། རྩོམ་མགོ་འཛིན་སྐབས“ད་སྐབས། སྟོང་དཔོན་ཁྲོ་རྒྱལ་བེར་དཀར་གྱི་མངའ་འབངས་ཁྲོད་དུ། མགོ་ན་སྡེ་ཁྲིམས་ཚོ་ཁྲིམས་མེད་པ་ནི་ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་གཉིས་ཁོ་ན་རེད”[6]ཅེས་བརྗོད་པ་ན། ཀློག་མཁན་རྣམས་ཀྱིས་ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་གཉིས་ཀའི་མགོ“སྡེ་ཁྲིམས་ཚོ་ཁྲིམས”མེད་པའི་རྒྱུ་མཚན་ཅི་ཡིན་པ་དང་། “སྡེ་ཁྲིམས་ཚོ་ཁྲིམས”མེད་པའི་རྟགས་མཚན་ག་འདྲ་ཡིན་པར་སྙམ་པའི་དོགས་པ་འབྱུང་སྲིད་ལ། ཀློག་པ་པོར་དོགས་པ་ཆེན་པོ་དེ་འདྲ་བསླངས་རྗེས། ལེའུ་གཉིས་པ་ནས་བཟུང་སྟེ་བྱུང་རིམ་མདུན་ལ་དེད་ནས་རྩོམ་མཇུག་རྫོགས་རྗེས་དོགས་པ་ཡོངས་སུ་བསལ་བ་ལྟ་བུའོ།།

ཉིས་བརྒྱ་ང་བཞི། ཅི་ཞིག་ལ་དོགས་གཞི་ཕྱི་རིམ་ནང་རིམ་ཅན་གྱི་དོགས་པ་སློང་ལུགས་ཟེར། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། སྒྲུང་གཏམ་ལ་ལར་མཚོན་ན་དོགས་གཞི་ཆེན་པོ་གཅིག་ལས་མེད་རུང་། དོགས་གཞི་ཆེན་པོ་དེ་ནི་དོགས་གཞི་ཆུང་ཆུང་དུ་མས་གྲུབ་འདུག་པ་དང་། རྩོམ་པའི་ལས་ལ་འཇུག་སྐབས།   ཐོག་མར་དོགས་གཞི་ཆེན་པོ་དེ་སློང་བ་དང་།   རྗེས་སུ་དོགས་གཞི་ཆུང་ཆུང་རྣམས་རིམ་གྱིས་བསལ་ཏེ། དོགས་གཞི་མཐའ་མ་དེ་བསལ་བ་དང་བསྟུན་ནས་ཀློག་པ་པོའི་སེམས་ཀྱི་དོགས་གཞི་ཆེན་པོ་དེའང་འཇིག་འགྲོ་ལ།སྒྲུང་གཏམ་འདིའི་རིགས་ནི་དོགས་གཞི་ཕྱི་རིམ་ནང་རིམ་ཅན་གྱི་ཁོངས་སུ་གཏོགས་པ་ཡིན། དཔེར་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》ལ་ཆ་མཚོན་ན།  གབ་པའི་ཚུལ་དུ་བརྗོད་པའི་མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ཡི་འཕྲུལ་སྣང་ནི་བརྩམས་ཆོས་ཡོངས་ལ་ཁྱབ་པའི་དོགས་གཞི་ཆེན་པོ་ཞིག་ཡིན་ལ། སྒྲུང་གཏམ་གྱི་འདི་ཉིད་ཀྱི་རྩོམ་མགོ་འཛིན་པའི་དུས་ནས་གཏམ་རྒྱུད་བརྗོད་པའི་འགྲོས་དང་བསྟུན་ཏེ།མི་སྣ་གཙོ་བོས“གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ་མཐོང”བ། མི་སྣ་གཙོ་བོའི“ངོ་གདོང་རྫོབ་པོ་དེ་འདབ་བརྒྱ་རྣམ་པར་གྲོལ་པའི་མེ་ཏོག་པད་མ་རྐང་གཅིག་ཏུ་གྱུར་པ།”  སྐྱེད་མོས་ཚལ་དུ“གཡུའི་ཕྱེ་མ་ལེབ”ཅིག་དང་འཕྲད་པ།  “དུང”དང“གཡུའི་ཕྱེ་མ་ལེབ”གཉིས་ཀྱིས“སྐྱེད་ཚལ་ཡིད་དུ་འོང་བ་ཞིག་ཏུ་ཁྱིམ་གཞི་བཟུང”སྟེ་སྡོད་སྐབས། “ཁྲག་གི་ཕྱེ་མ་ལེབ”ཅིག་དེ་གར་འཕུར་ཡོང་སྟེ“དུང་གི་ཕྱེ་མ་ལེབ”དེ་སྐྱེད་ཚལ་གཞན་ལ་བཀུགས་པ།  ཇ་ཁང་གི་གཞོན་ནུ་མས“འདྲིས་ཆེ་བའི་ཉམས་ཀྱིས་རྩོམ་པ་པོར་འཛུམ་མདངས་སྟོན”[7]པ་སྟེ་མི་ལ་ཡིད་ཆེས་འབྱུང་དཀའ་བའི་བྱུང་རིམ་སྐོར་ཞིག་གསབ་བརྗོད་ཀྱི་ཚུལ་དུ་དྲངས་ཏེ། ཀློག་པ་པོར་དོགས་པ་ཆུང་ཆུང་འབའ་ཞིག་གོ་རིམ་ཡོད་པའི་སྒོ་ནས་བསླངས་པ་དང་།  དོགས་པ་བསལ་ཆེད་སྐབས་རེར་གསལ་འདེབས་ཀྱི་ཚིག་གམ་བྱུང་རིམ་རེ་སྦྱར་བ་མ་ཟད། རྩོམ་མཇུག་བསྡུས་པ་དང་བསྟུན་ནས་དོགས་གཞི་ཡོངས་སུ་བསལ་བ་ན།ཀློག་མཁན་གྱིས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ནི་མི་ཕོ་མགོ་ཡང་ཞིག་ཡིན་པ་དང་། ཁོ་རང་ཆུང་མ་དང་གྱེས་པའི་སྡུག་བསྔལ་གྱིས་རབ་ཏུ་མནར་ཏེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་རིག་པ་འཆོལ་ཏེ་འཕྲུལ་སྣང་གི་ཀློང་ལ་འཇུག་བཞིན་ཡོད་པ་དེ་བསམ་གཞིག་བརྒྱུད་ནས་རྟོགས་ཡོང་བ་མ་ཟད། ཇ་ཁང་ནང་གི“གཞོན་ནུ་མ”དེ“རྩོམ་པ་པོ”ཡི་ཆུང་མ་སྟེ“གཡུའི་ཕྱེ་མ་ལེབ”ཀྱི་ཚེ་རབས་ཕྱི་མའི་ལུས་རྟེན་ཡིན་པར་བསྟན་པ་ན། སྔར་གྱི་དོགས་གཞི་ཆུང་ཆུང་རྣམས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པར་གྱུར།  

ཉིས་བརྒྱ་ང་ལྔ། ཅི་ཞིག་ལ་དོགས་གཞི་ཨ་ལོང་ཡང་ལོང་ཅན་གྱི་དོགས་པ་སློང་ལུགས་ཟེར། དེ་ཉིད་གསར་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། སྒྲུང་གཏམ་ལ་ལར་མཚོན་ན་གཅིག་ལ་གཅིག་བརྟེན་དང་སྤྱི་དང་བྱེ་བྲག་གི་འབྲེལ་བ་མེད་པའི་དོགས་གཞི་མང་པོ་ཞིག་གིས་གྲུབ་འདུག་པ་དང་། རྩོམ་པའི་ལས་ལ་འཇུག་སྐབས། དོགས་གཞི་དང་པོ་བསལ་རྗེས་དོགས་གཞི་གཉིས་པ་སློང་བ་དང་། དོགས་གཞི་གཉིས་པ་བསལ་རྗེས་དོགས་གཞི་གསུམ་པ་བསླངས་ཏེ། སྒོག་པའི་སྒོག་ཤུན་བཤུ་བ་ནང་བཞིན་དོགས་གཞི་ཅན་གྱི་བྱུང་རིམ་མདུན་ལ་འདེད་བཞིན་ཡོད་ལ།སྒྲུང་གཏམ་འདིའི་རིགས་ནི་དོགས་གཞི་ཨ་ལོང་ཡང་ལོང་ཅན་གྱི་ཁོངས་སུ་གཏོགས་པར་འདོད། དཔེར་ན་ཁོ་བོའི་སྒྲུང་གཏམ་ལས《ཚངས་དབྱངས་རྒྱ་མཚོ》ལ་མཚོན་ན། རང་བྱུང་ཚན་པ་གསུམ་པར“རྡོ་ཁང་གྲུ་བཞི་དེ་ནི་ཆང་ཁང་སྐད་གྲགས་ཅན་ཞིག་ཡིན་པས། ནམ་རྒྱུན་ཡིན་ན་སྐབས་འདིར་ཆང་ཁང་ལ་མགྲོན་པོ་སྐོར་ཞིག་སླེབས་ཡོད་མོད། འོན་ཏེ་བགྲེས་སོང་བསོད་ནམས་དབང་རྒྱལ་ལགས་ནད་ཀྱི་དབང་ལ་ཤོར་བ་ནས་བཟུང་། ཆང་ཁང་གིས་མགྲོན་རྒྱ་བསྡམས་ཏེ། མགྲོན་པོ་དམིགས་སུ་བསལ་བ་ཞིག་ལ་བསང་སྟབས་ཀྱིས་སྣེ་ལེན་བྱེད་པ་ལས།  མགྲོན་པོ་གཞན་པ་རྣམས་ནི་ག་དུས་སླེབས་ན་དེ་དུས་འགོག་བཞིན་ཡོད”ཅེས་བརྗོད་པ་ན། ཀློག་པ་པོ་ལ“མགྲོན་པོ་དམིགས་སུ་བསལ་བ”དེ་ནི་སུ་ཞིག་ཡིན་ནམ་སྙམ་པའི་དོགས་པ་འབྱུང་སྲིད་པ་དང་། རྗེས་ཀྱི་བྱུང་རིམ་ཁྲོད་དུ་ཆང་མ་ཡེ་ཤེས་མཁའ་འགྲོ་ཨ་ཕའི་བཀའ་བཞིན་བར་སྐོར་ལ་སོང་སྟེ་རབ་བྱུང་བར་སྒུག་སྐབས། “བར་སྐོར་དུ་ཐྲིག་སྒྲ་རྒྱུས་ཡོད་ཅིག་དལ་ལྷོད་ལྷོད་ཀྱིས་གྲགས་བྱུང་ལ། ཐྲིག་སྒྲ་ཇེ་གསལ་ནས་ཇེ་གསལ་ལ་སོང་བ་དང་བསྟུན་ནས། མོན་གྱི་གླུ་གཞས་སྙན་མོ་ཞིག་གི་ངག་རྟའང་རྣ་ལམ་ལ་འཕོས་བྱུང་། ཁོ་མོས་ཞིབ་ཏུ་ཉན་པ་ན། སྐྱེས་པ་ཞིག་གིས‘དག་པ་ཤེལ་རིའི་གངས་ཆུ།། ཀླུ་བདུད་རྡོ་རྗེའི་ཟིལ་བ།།  བདུད་རྩི་སྨན་གྱི་ཕབ་རྒྱུན།།  ཆང་མ་ཡེ་ཤེས་མཁའ་འགྲོ།། དམ་ཚིག་གཙང་མས་བཏུང་ན།།  ངན་སོང་མྱོང་དགོས་མི་འདུག’ཅེས་མཛའ་གཞས་གཏོང་བཞིན་ཐོས་བྱུང”ཞེས་བརྗོད་པ་ན། ཀློག་པ་པོས་སྒྲུང་གཏམ་གྱི་ཁ་བྱང་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ། ཆང་མའི་མིང་དང་མགུར་གླུའི་བདག་དབང་བཅས་ལ་བརྟགས་ན“མགྲོན་པོ་དམིགས་སུ་བསལ་བ”དེ་ནི་ཚངས་དབྱངས་རྒྱ་མཚོ་ཡིན་པ་རྟོགས་ཏེ་སྔར་གྱི་དོགས་གཞི་སེལ་ཐུབ་པར་འགྱུར་ངེས། དེ་མིན། “བགྲེས་སོང་བསོད་ནམས་དབང་རྒྱལ”གྱིས་བུ་མོ་ཡེ་ཤེས་མཁའ་འགྲོ་རབ་བྱུང་པ་གདན་འདྲེན་པར་མངག་སྐབས།“ངས་རབ་བྱུང་པའི་མདུན་ནས་འགྱོད་བཤགས་བྱ་དགོས། སེམས་ཀྱི་མནོང་འགྱོད་དེ་གསང་སྟབས་ཀྱིས་ཕྱི་མར་ཁྱེར་ན། དམྱལ་བར་ལྷུང་བ་ལས་ཅི་ཡང་མེད”ཅེས་བརྗོད་པ་ན། ཀློག་པ་པོར་བགྲེས་སོང་བསོད་ནམས་དབང་རྒྱལ་གྱིས་འགྱོད་བཤགས་བྱ་དགོས་པའི་ནག་ཉེས་ཅི་ཞིག་བཟོས་སོང་སྙམ་པའི་དོགས་གཞི་འབྱུང་སྲིད་པ་དང་། རྗེས་སུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་གསང་སྟབས་ཀྱིས་ཆང་ཁང་ལ་ཕེབས་ཏེ་བཀའ་འདྲི་གནང་སྐབས། བགྲེས་སོང་བསོད་ནམས་དབང་རྒྱལ་གྱིས“……སྐལ་བཟང་སྒྲོལ་དཀར་ནད་ཀྱིས་བཟུང་རྗེས། ལྷ་རྗེ་མཆོག་གིས་ཁོ་མོས་མུ་ཏིག་བདུན་ཅུ་དང་བྱུར་མར་ཉེར་ལྔ་སོགས་སྨན་མང་པོ་བསྟེན་དགོས་པར་གསུངས། སྐབས་དེར། ཕྲན་ལ་དངུལ་མང་པོ་མེད། ཕྲན་གྱིས་ཆུང་མ་སྐྱོབ་ཆེད།ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ནས་གསེར་ཀོང་ཞིག་རྐུས་རྗེས། མཆོད་ཀོང་སིལ་བུར་གཏུབས་ཏེ་སྨན་ཡོན་ལ་ཕུལ་བ་ཡིན། ཕྲན་གྱིས་བྱས་ཉེས་དེ་སུ་དང་གང་ལའང་ཞུ་མ་མྱོང་། ཐ་ན་བུ་མོ་ཡེ་ཤེས་མཁའ་འགྲོས་ཀྱང་མི་ཤེས།   ད་ལྟ།  ནག་ཉེས་དེ་ཡིད་ལ་འཁོར་ན་མནོང་འགྱོད་སྐྱེས་ཏེ་འཆི་མི་ཕོད”ཅེས་བརྗོད་པའི་གཏམ་དེ་ཞིབ་ཏུ་བཀླགས་པ་ན། ཀློག་མཁན་གྱིས་བགྲེས་སོང་བསོད་ནམས་དབང་རྒྱལ་གྱིས་སྔར་དུས་ནག་ཉེས་ཅི་ཞིག་བཟོས་པ་རྟོགས་ཏེ་སྔར་གྱི་དོགས་གཞི་ཆུང་ཆུང་དེ་སེལ་ཐུབ་པར་གྱུར།གཞན་ཡང་། བགྲེས་སོང་བསོད་ནམས་དབང་རྒྱལ་གྱིས“ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ནས་གསེར་ཀོང”བརྐུས་པའི་དོན་དག་དེ་ཡིད་ལ་ངེས་པ་ན། ཀློག་པ་པོའི་སེམས་སུ་བགྲེས་པོའི་བྱ་སྤྱོད་དེ་སངས་རྒྱས་ཆོས་ལུགས་ལྟར་ན་ནག་ཉེས་སུ་གཏོགས་མིན་གྱི་དོགས་པ་འབྱུང་སྲིད་པས། དོགས་གཞིའི་རྗེས་ལ་བགྲེས་པོ་དང་གླེང་མོལ་བྱེད་སྐབས་ཀྱི“ཚངས་དབྱངས་རྒྱ་མཚོ”ཡི་གཏམ་སྟེ“ཁྱེད་ཀྱིས་ཇོ་སྐུ་མདུན་ནས་གསེར་ཀོང་བླངས་ཏེ་ཆུང་མ་སྐྱོབ་པའི་ལས་ལ་འབད་པ་དེ་རྐུན་མའི་སྤྱོད་པ་མ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་རེད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ནི་སྡུག་པའི་ལས་ཀྱི་གྲས་ལ་གཏོགས་མི་སྲིད”[8]ཅེས་པ་འདི་ཉིད་བཀོད་པ་ན། ཀློག་མཁན་གྱི་དོགས་གཞི་ཆུང་ཆུང་དེ་སེལ་ཐུབ་པར་གྱུར་ལ། དེའི་རྗེས་སུ་བགྲེས་པོས་གླིང་བུའི་སྒྲ་བརྟེན་ནས་ཕ་ཡུལ་གྱི་ཡུལ་ལྗོངས་དང་ཆུང་མའི་བཞིན་རས་མཐོང་བའི་བྱུང་རིམ་ཕྲན་བུ་དེ་དག་ཀྱང་དོགས་གཞི་ཆུང་ཆུང་སྐོར་ཞིག་ཨ་ལོང་ཡང་ལོང་བརྒྱུས་ནས་བརྗོད་པ་ཡིན་ནོ།།  

ཉིས་བརྒྱ་ང་དྲུག དོགས་སློང་གི་ཐབས་ལམ་ལ་འཛེམ་བྱ་དང་སྤྱོད་ལུགས་ག་འདྲ་ཡོད། 

   ལན། སྒྲུང་གཏམ་ལ་དོགས་སློང་མཁོ་བ་བདེན་མོད།གལ་སྲིད་དོགས་སློང་གི་ཐབས་སྦྱོར་ལུགས་ནོར་བ་ན།  བྱུང་རིམ་ལ་སྦྱོར་ཉེས་ཆེན་པོ་འབྱུང་བའི་ཉེན་ཁ་ཡོད་པ་འདྲ།  ཞིབ་ཏུ་བསམས་ན། དོགས་སློང་གིས་བརྩམས་ཆོས་ཀྱི་བརྗོད་དོན་ལེགས་པར་སྟོན་པ་དང་།  ཀློག་པ་པོའི་ཡིད་སེམས་བྱུང་རིམ་གྱིས་འགུགས་པའི་དགོས་མཁོ་བསྐང་དགོས་པ་དང་། དགོས་མཁོ་དེ་ནི་མི་རིགས་ཀྱི་རིག་གནས་གོམས་སྲོལ་དང་ཀློག་པ་པོའི་ལྟ་ཀློག་གི་འདུན་པ་དང་བསྟུན་དགོས་འདུག

ཉིས་བརྒྱ་ང་བདུན། དོགས་པ་སློང་ལུགས་ནི་ལྟ་ཀློག་གི་འདུན་པ་དང་བསྟུན་དོན་ཅི།

   ལན། སྒྲུང་གཏམ་གང་ཞིག་ཡིན་རུང་། ཁ་གཏད་ས་ཀློག་པ་པོ་ཡིན་པས། རྩོམ་པ་པོས་སྒྲུང་གཏམ་གང་ཞིག་གསར་རྩོམ་བྱེད་སྐབས་དོགས་སློང་གི་ཐབས་སྤྱོད་པ་དང་།དོགས་སློང་དེ་ཀློག་པ་པོའི་ལྟ་ཀློག་གི་འདུན་པ་སྒོ་ཀུན་ནས་བསྟུན་པར་ནུས་ན། ཀློག་མཁན་གྱི་ཡིད་སེམས་འགུགས་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན《མེ་ལོང་ནང་གི་ཕྱེ་མ་ལེབ》ལ་མཚོན་ན། བརྩམས་ཆོས་ཧྲིལ་པོའི་བརྗོད་བྱ་ནི་ཀློག་མཁན་ལ་དོགས་པ་སློང་བའི་དགོས་མཁོ་ལྟར་བསྒྲིགས་ཡོད་ལ། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོ་སྟེ་རྩོམ་པོ་ནི་ཇ་ཁང་དུ་བསྡད་དེ་ཕྱི་རོལ་གྱི་གཞུང་ལམ་ངོས་ལ་ལྟ་སྐབས། “ང་ཉིད་ནི་ཇ་ཁང་མདུན་གྱི་གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ་མཐོང”བའི་བྱུང་རིམ་མི་སྲིད་པ་དེ་དྲངས་ནས་ཀློག་མཁན་རྣམས་ལ་ཅི་ཞིག་བྱུང་སོང་སྙམ་པའི་དོགས་པ་ཆེན་པོ་ཞིག་བསླངས་པ་དང་། དེའི་རྗེས་སུ་མི་སྣ་གཙོ་བོ་སྟེ་རྩོམ་པ་པོས་རང་གི་མདུན་གྱི་མེ་ལོང་ངོས་ལ་བལྟས་པ་ན། “ཁོ་རང་གི་ངོ་གདོང་རྫོབ་པོ་དེ་འདབ་བརྒྱ་རྣམ་པར་གྲོལ་པའི་མེ་ཏོག་པད་མ་རྐང་གཅིག་ཏུ་གྱུར་པ་དང་། སྐྲ་ལོ་དཀར་པོའི་ཉག་མ་རེ་རེ་ནི་མགོ་བོ་དང་གྱེས་རྗེས་མེ་ལོང་གི་ནམ་མཁར་གཞི་གཅིག་ལ་འདྲེས་ཏེ་དུང་གི་ཕྱེ་མ་ལེབ་ཅིག་ཏུ་གྱུར། དུང་གི་ཕྱེ་མ་ལེབ་དེ་མེ་ཏོག་པད་མའི་སྟེང་དུ་དགའ་ལྷང་ལྷང་། ལྡེམ་གྱུག་གྱུག་གིས་འཕུར་ལྡིང་བྱེད་སྐབས། གཡུའི་ཕྱེ་མ་ལེབ་ཅིག་ཞེད་སྣང་དང་བཅས། འཛེམ་དོགས་དང་བཅས་གཤོག་འགྱུར་གྱི་སྟངས་སྟབས་ལ་རོལ་ནས་དེ་གར་སླེབས་བྱུང”[9]བ་སོགས་ནི་བྱུང་རིམ་མདུན་ལ་འདེད་པའི་འགྲོས་དང་བསྟུན་ནས་རིམ་པ་ལྟར་དྲངས་པ་ན། ཀློག་པ་པོའི་སེམས་ལ་དོགས་པ་ཆེ་ཆུང་སྣ་ཚོགས་སྦྱིན་ཏེ་དོགས་གཞི་རིམ་བཞིན་རྒྱ་བསྐྱེད་ཐུབ་པར་གྱུར་པ་དང་། སྒྲུང་གཏམ་གྱི་བར་མཚམས་ཀྱི་བརྡ་འཕྲིན་རེ་རེ་དང་རྩོམ་མཇུག་གི་བྱུང་རིམ་ལ་བསྟེན་ནས། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་ནི་ཆུང་མ་རྐྱེན་ངན་ལ་ཤོར་བའི་སྡུག་བསྔལ་གྱིས་མནར་ཏེ་རིག་པ་འཆོལ་འདུག་པའི་སྐྱེས་པ་དར་མ་ཞིག་ཡིན་པར་བསྟན་པ་དང་། “གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ”དང་མེ་ལོང་ནང་གི“ངོ་གདོང་རྫོབ་པོ་དེ་འདབ་བརྒྱ་རྣམ་པར་གྲོལ་པའི་མེ་ཏོག་པད་མ་རྐང་གཅིག་ཏུ་གྱུར་པ”སོགས་ནི་དེ་ཉིད་ཀྱི་འཕྲུལ་སྣང་ཡིན་པར་བརྗོད་པ་ན། ཀློག་པ་པོའི་སེམས་ཀྱི་དོགས་གཞི་རྩ་བ་ནས་བསལ་པར་གྱུར་པ་ཡིན་ནོ།།

ཉིས་བརྒྱ་ང་བརྒྱད། དོགས་པ་སློང་ལུགས་ནི་རིག་གནས་གོམས་སྲོལ་དང་བསྟུན་དོན་ཅི།

   ལན། དོགས་སློང་གི་ཐབས་སྤྱད་ནས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། མི་རིགས་རང་གི་རིག་གནས་གོམས་སྲོལ་དང་ཐུན་མོང་མ་ཡིན་པའི་སེམས་ཁམས་གནད་དུ་འཛིན་ནུས་ན། དོགས་པ་སློང་ལུགས་ནི་མི་རིགས་ཀྱི་སེམས་ཁམས་དང་མཐུན་པར་འགྱུར་བ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ཀྱང་དོད་པོ་ལྡན་པར་འགྱུར་ངེས་ཡིན། ཁོ་བོའི་སྒྲུང་ཐུང་ལས《བསོད་ནམས》ལ་ཆ་མཚོན་ན།  འདས་པའི་ཕྱིར་དྲན་གྱི་ཐབས་ལ་བརྟེན་ནས་བགྲེས་མོ་བདེ་ཆེན་མཁའ་འགྲོའི་མི་ཚེའི་གོ་རིམ་གལ་ཆེན་འགའ་ཞིག་བརྗོད་ཡོད་ལ། སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ལུགས་དེ་བློ་ཡུལ་ལས་འདས་པའི་ངང་ནས་མཚོན་པ་དང་། སྒྲུང་གཏམ་གྱི་བྱུང་རིམ་ལ་ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་མཐུ་སྟོབས་སྩོལ་ཆེད། བྱུང་རིམ་གལ་འགངས་ཆེ་བ་དེ་བརྩམས་ཆོས་ཁྲོད་ལ་འདྲེན་པའི་དུས་ལ་བབས་པ་ན། ཐོག་མའི་དུས་སུ་བོད་པ་རྣམས་ཀྱིས་ཆར་བའི་འཇའ་ཤར་བ་དེ་ལྟས་བཟང་དུ་འདོད་པ་དམིགས་སུ་བཟུང་ནས“གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་པའི་ཉིན་མོ་དེར།ཞོགས་པའི་ཉི་འོད་ས་ལ་ཕོག་མ་ཐག ཐོག་མར་བར་སྣང་སྟོང་བའི་དབྱིངས་ལ་ཆར་སྤྲིན་གློ་བུར་བ་ཞིག་ལྡང་བ་དང༌། དེ་ནས་ཟོམ་ཆེན་གྱི་མགོ་རྟིང་བསློགས་པ་ལྟ་བུའི་ཆར་བ་ཆེན་པོ་ཞིག་ཤག་ཤག་ཏུ་བབས་མོད། སྐྱེས་མ་རྣམས་ཀྱིས་འབྲི་མོ་འཇོ་ལ་ཉེ་དུས།ཆར་སྤྲིན་སྟུག་པོ་དེ་ཉིད་རིམ་གྱིས་ཕྱོགས་བཞིར་བཀྱེད་པས། སྦྲ་ནག་གི་བར་སྣང་དུ་ནམ་མཁའ་སྔོ་ལམ་མེར་མངོན་པ་མ་ཟད།མདུན་རི་དང་རྒྱབ་རི་གཉིས་ཀ་ཁ་དོག་གི་དབྱེ་མཚམས་གསལ་བའི་འཇའ་ཡིས་སྦྲེལ་བྱུང”[10]ཞེས་བརྗོད་པ་ན། ཀློག་མཁན་གྱིས“གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་པའི་ཉིན་མོར”འཇའ་ཤར་བ་ནི་རྗེས་སུ་བཀྲ་ཤིས་པའི་དོན་དག་ཅིག་འབྱུང་སྲིད་པའི་རྟགས་མཚན་ཡིན་ལ། འོ་ན་རྗེས་སུ་དོན་དག་ཅི་ཞིག་འབྱུང་སྲིད་དམ་སྙམ་པའི་དོགས་གཞི་འབྱུང་སྲིད་པས།   བརྩམས་ཆོས་ལ་ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་ཐུབ་པར་འགྱུར། གོང་གི་བྱུང་རིམ་དེ་འདྲ་དྲངས་པའི་རྗེས་སུ། བདེ་ཆེན་དབང་མོས་འབྲི་མོ་སེར་ལང་མ་འཇོ་བཞིན་བའི་སྐབས་སུ། “གཟུགས་གཞི་རིང་ཞིང་རྒྱགས་ལ། ལྷག་པར་སློག་པའི་འགག་རིང་ཧྲལ་ཧྲུལ་དེ་ལུས་ལ་གྱོན་པ་ན།ལུས་པོ་ནི་འུར་མའི་ཁྲོད་ཀྱི་བྲག་ཐོད་སྐྱ་བོ་ཞིག་ཟིལ་ཤུགས་ཀྱིས་འགྱིང་འདུག་པ་དང་མཚུངས”པའི་སྔགས་པ་ཞིག་གམ་ལ་སླེབས་བྱུང་བ་དང་། ཁྱིམ་ལ་བསླེབས་རྗེས་སྔགས་པས“རྫ་རྡོ་འཇོང་འཇོང་སྐྱེས་བུའི་ཁུ་ཚུར་འདྲ་བ་ཞིག་བླངས་ཏེ‘འདི་ནི་ངའི་བསོད་ནམས་ཡིན།  ཁྱོད་ཀྱིས་ཟུངས་དང་། རྗེས་སུ་སྐྱིད་ཀྱི་ཉི་མ་དགུང་ནས་འཆར་བ་ཡིན’ཞེས་བརྗོད་པ”མ་ཟད། “འཛེམ་དོགས་ཅི་ཡང་མེད་པར”བདེ་ཆེན་དབང་མོའི་མགྲིན་པར་འཁྱུད་དེ“‘ཁྱོད་ནི་ངའི་ཨ་མ་ཡིན།  ངས་ཁྱོད་ཀྱི་ནུ་མ་ཁམ་གང་ནུས་ན་ཆོག་གམ’ཞེས་དྲིས་བྱུང་བ་ན།” བདེ་ཆེན་དབང་མོས“ཅི་དྲན་འདི་དྲན་མེད་པར‘ཁྱི་རྒན་འདི’ཞེས་སྡིགས་དམོད་བྱེད་བཞིན་སྔགས་པ་དེ་ལ་འགྲམ་ལྕག་ལན་གཅིག་གཞུས”ཏེ་སྦྲའི་ཕྱི་རོལ་དུ་བྲོས་པ་ན།སྔགས་པ་དེའང་སྦྲ་སྒོར་ཕྱིན་ཏེ“ཕྱག་ཟུང་མཁའ་ལ་བསྲིངས། མིག་ཟུང་གྱེན་ལ་ཅེར་ཏེ་སྐྱོ་གདུང་དང་བཅས‘ཨ་མར་བདག་གི་སྐལ་བ་མེད། བདག་ལ་ཨ་མའི་སྐལ་བ་མེད། ཕྱིས་འབྱུང་བྱ་བ་སྔོན་བྱས་ལས་ལ་བསྟུན་ཡ’ཞེས་སྐྱོ་ལྷང་ལྷང་གིས་བརྗོད་རྗེས། ཐོག་མར་ཐལ་མོ་སྦྱར་ནས་ཅི་ཞིག་ལ་གསོལ་བ་ཡུན་རིང་ལ་བཏབ་པ་དང་། དེ་ནས་ཆོན་ཐག་ངོས་ཀྱི་འུར་ཆའི་མཐིལ་ལ་རྫ་རྡོ་དེ་བཞག་ནས་ཤུགས་ཀྱིས་ལན་འགའ་བསྐོར་ཏེ་ཉི་མ་ནུབ་པའི་ཕྱོགས་སུ་འཕངས་རྗེས། ཕྱིར་བལྟས་མེད་པར་བྱང་གི་ཕྱོགས་སུ་ཕྱིན་སོང”[11]བའི་བྱུང་རིམ་རྙོག་དྲ་ཅན་འདི་དྲངས་པ་ན། སྔར་གྱི་དོགས་གཞིའི་སྟེང་ལ་དོགས་གཞི་གསར་བ་ཞིག་བསྣན་ཏེ་ཀློག་མཁན་གྱི་དོགས་གཞི་རྒྱ་བསྐྱེད་ཐུབ་པར་གྱུར།   གོང་ནས་དྲངས་པ་ནང་བཞིན་ཐོག་མར་དོགས་པ་བསླངས་པ་དང་། རྗེས་སུ་དོགས་པ་རྒྱ་བསྐྱེད་རྗེས། བྱུང་རིམ་གྱི་འགྲོས་དང་བསྟུན་ཏེ་སྔར་གྱི་སྔགས་པ་དེ་ནི་མཁའ་ལྡིང་ཡིད་བཞིན་ནོར་བུ་ཡིན་པ་དང་། ཁོང་གིས་བདེ་ཆེན་མཁའ་འགྲོར་གཏད་པའི་རྫ་རྡོ་དེ་ནི་མཆོག་སྤྲུལ་ཉིད་ཀྱི“བླ་རྡོ་བསོད་ནམས་རང་འབར་ཟེར་བ་དེ”ཡིན་པ་མ་ཟད། གལ་སྲིད་ཐོག་མའི་དུས་སུ་བདེ་ཆེན་དབང་མོས་སྔགས་པས་ཅི་བཤད་དང་ལེན་བྱས་ཡོད་ན། སྔར་གྱི་ལྟས་བཟང་ལྟར་ཁོ་མོ་ནི་མཁའ་ལྡིང་ཡང་སྲིད་ཀྱི་མ་ཡུམ་དུ་གྱུར་ཡོད་པ་བརྗོད་དེ་སྔར་གྱི་དོགས་གཞི་ཡོངས་སུ་སེལ་བ་ལྟ་བུའོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽

ཉིས་བརྒྱ་ང་དགུ། དོགས་པ་སློང་བའི་ཐབས་ལ་བརྟེན་ནས་སྒྲུང་གཏམ་བྱུང་རིམ་ལ་སྟོབས་ཤུགས་སྩོལ་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། དོགས་པ་སློང་བའི་ཐབས་ལ་བརྟེན་ནས་སྒྲུང་གཏམ་བྱུང་རིམ་ལ་སྟོབས་ཤུགས་སྩོལ་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་སྙམ་སྟེ། གཅིག  ཀློག་པ་པོ་ཞིག་ལ་ཆ་མཚོན་ན། སྒྲུང་གཏམ་ལྟ་ཀློག་གི་གོ་རིམ་ནི་གབ་ཚིག་གི་གབ་ལན་འཚོལ་བའི་གོ་རིམ་དང་མཚུངས་པས། དོགས་པ་སློང་བའི་ཐབས་ལམ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱས་ན་བརྩམས་ཆོས་ལ་གབ་ཚིག་གི་ཁྱད་ཆོས་ཆེ་ཆེར་ལྡན་པར་འགྱུར་མོད། འོན་ཏེ་དོགས་པ་སློང་བ་ཁོ་ནའི་དགོས་མཁོ་ལ་དམིགས་ཏེ་བྱུང་རིམ་བཀོད་སྒྲིག་བྱས་ན། བྱུང་རིམ་རིལ་པོ་ནི་ལུགས་དང་མཐུན་པ།    ལྷུན་གྱིས་གྲུབ་པ་ཞིག་འབྱུང་བ་འདྲ། གཉིས། སྒྲུང་གཏམ་གྱི་དོགས་སློང་ནི་ཀློག་མཁན་གྱི་ལྟ་ཀློག་གི་མདུན་པ་བསྐྱེད་པར་དམིགས་པའི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཤིག་ཡིན་པས། གལ་སྲིད་ཀློག་མཁན་གྱི་ལྟ་ཀློག་གི་འདུན་པ་བསྐྱེད་མི་ནུས་ན། དོགས་པ་བསླངས་པ་ལ་དགེ་མཚན་ཅི་ཡང་མེད། གསུམ། སྒྲུང་གཏམ་གང་ཞིག་གི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། དོགས་པ་སློང་དང་མི་སློང་། དོགས་པ་བསླང་དགོས་མིན་ནི་སྐབས་སུ་བབས་པའི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་དགོས་ཏེ། གལ་སྲིད་དོགས་པ་སློང་མི་དགོས་པའི་སྐབས་སུ་དོགས་པ་སློང་བ་དང་།དོགས་པ་སློང་ཆེད་བྱུང་རིམ་གྱི་གོ་རིམ་དཀྲུག་པ། དོགས་པ་སློང་ཆེད་སྒྲུང་གཏམ་ལ་བརྗོད་སྙིང་དང་འབྲེལ་བ་མེད་པའི་བྱུང་རིམ་ལྷག་མ་སྦྱར་ན།བརྩམས་ཆོས་ནི་དོགས་པས་བསད་དེ་སྒྱུ་རྩལ་དང་ལྟ་ཀློག་གི་རིན་ཐང་གཉིས་ཀ་ཉམས་པའི་ཉེན་ཁ་ཡོད་པར་འདོད།

ཉིས་བརྒྱ་དྲུག་ཅུ། ཅི་ཞིག་ལ་ནར་འགྱངས་ཟེར།

   ལན། རྩོམ་པ་པོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཀློག་པ་པོས་མྱུར་མོར་དོན་དག་གི་མཇུག་འབྲས་རྟོགས་པར་འདོད་པའི་སེམས་ཁམས་དམིགས་སུ་བཟུང་སྟེ། བསམ་བཞིན་དུ་སྤྲོས་བརྗོད་ཀྱི་འགྲོས་དང་དོན་དག་གི་གོ་རིམ་ངོ་སྤྲོད་བྱེད་ལུགས་ཇེ་དལ་དུ་གཏོང་བའི་རྩོམ་ཐབས་ལ་ནར་འགྱངས་ཟེར་བ་ཡིན་ལ། བྱུང་རིམ་བཀོད་སྒྲིག་བྱེད་སྐབས་ནར་འགྱངས་ཀྱི་ཐབས་ལམ་སྤྱོད་ལུགས་ཇི་ལྟར་ལེགས་ན། ཀློག་མཁན་ལ་སྒྱུ་རྩལ་གྱི་མནར་གཅོད་དེ་ལྟར་གཏོང་ཐུབ་པས། རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་ལ་འཇུག་སྐབས་ནར་འགྱངས་ལ་དང་དོད་ཆེན་པོ་བྱེད་བཞིན་ཡོད།

ཉིས་བརྒྱ་རེ་གཅིག བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་ནར་འགྱངས་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་གང་དག་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། ནར་འགྱངས་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་ནི་སྣ་ཚོགས་ཤིག་ཡོད་དགོས་འདུག་མོད། སྒྲུང་གཏམ་རྩོམ་ལུགས་སྨྲ་བ་ལ་ལའི་འདོད་ཚུལ་ལྟར་ན།ནར་འགྱངས་སྤྱོད་ལུགས་ལ་ཐབས་ལམ་རྒྱུགས་ཆེ་བ་གསུམ་ཡོད་ལ། དེ་དག་ནི་དོགས་གཞི་སེལ་ཡུན་ཇེ་རིང་ལ་གཏོང་བ་དང་། གོ་འཛོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བ་དང་། བྱུང་རིམ་གྱི་གཅོད་མཐུད་ལ་ཁ་ལོ་སྒྱུར་བ་རྣམས་སོ།།

ཉིས་བརྒྱ་རེ་གཉིས། བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་གོ་འཛོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་དོན་ཅི། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། གོ་འཛོལ་བྱུང་རྗེས། འགལ་བ་སྔར་ལས་ཛ་དྲག་ཏུ་སྒྱུར་བ་དང་། བྱུང་རིམ་གྱི་མཆེད་ཤུགས་ལ་མུ་དང་ཡུན་ཡོད་པར་བྱེད་ཆེད།   སྒྲུང་གཏམ་པས་བྱུང་རིམ་འབའ་ཞིག་ལ་བརྟེན་ནས་གོ་འཛོལ་གྱི་ཡུན་བསྲིངས་ན། ཀློག་པ་པོའི་རེ་ལྟོས་ཇེ་ཆེར་གཏོང་ཐུབ། ཁོ་བོའི་སྒྲུང་གཏམ་རྣམས་ལས《བསོད་ནམས》དང་། 《མེ་ལོང་ནང་གི་ཕྱེ་མ་ལེབ》དང་། 《དྲེད་མོང》སོགས་ནི་གོ་འཛོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བའི་ཐབས་ལ་བརྟེན་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད་ལ། དེ་དག་ལས《དྲེད་མོང》ལ་ཆ་མཚོན་ན།   བྱུང་རིམ་ནི་རྐུན་མ་དྲེད་མོང་ལ་ནོར་བའི་གོ་འཛོལ་ལ་བརྟེན་ནས་མདུན་ལ་དེད་ཡོད་ལ། གོ་འཛོལ་བཟོ་བའི་ཐབས་ལམ་ལེགས་པར་སྤྱོད་ཆེད།སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས་ཚེ་རིང་གཡུ་མཚོའི་སེམས་ཁམས་ཀྱི་འཇིགས་སྣང་ལ་བརྟེན་ནས་ཀློག་མཁན་གྱི་ཡིད་སེམས་དྲེད་མོང་ཕྱོགས་སུ་དྲངས་པ་མ་ཟད། ད་དུང་འཇིགས་སྣང་ཁྲོད་ལ་ཚེ་རིང་གཡུ་མཚོ་དང་བཀྲ་ཤིས་གཉིས་ཀའི་ཁྱོ་ཤུག་གི་འཚོ་བ་ཐར་ཐོར་ངང་ནས་དྲངས་ཏེ་གོ་འཛོལ་གྱི་ཡུན་བསྲིངས་ཏེ། རྩོམ་འཇུག་བསྡུ་ལ་ཉེ་སྐབས་སུ་ད་གཟོད་གོ་འཛོལ་གྱི་མཐིལ་དོན་བརྟོལ་བ་ན། ཀློག་མཁན་གྱི་ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་བྱུང་བ་དང་།སྒྲུང་གཏམ་གྱི་རྩོམ་མཇུག་བསྡུ་ལུགས་ནི་མིའི་བློ་ཡུལ་ལས་འགོངས་པར་གྱུར།

ཉིས་བརྒྱ་རེ་གསུམ། བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་དོགས་གཞི་སེལ་ཡུན་ཇེ་རིང་ལ་གཏོང་དོན་ཅི།

   ལན། སྒྲུང་གཏམ་ཁྲོད་ལ་དོགས་གཞི་བཀོད་སྒྲིག་བྱས་ན། བརྩམས་ཆོས་ཀྱི་བྱུང་རིམ་ཀྱག་ཀྱོག་ཏུ་འགྱུར་བ་དང་། ཀློག་པ་པོའི་ཡིད་སེམས་འགུགས་པའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ་པ་ཡིན་ལ། ལྷག་པར་དོགས་གཞི་གང་ཞིག་བཀོད་སྒྲིག་བྱས་རྗེས། དོགས་པའི་རྒྱུན་དེ་ཡུན་ནས་ཡུན་ལ་བསྲིངས་ཏེ།བྱུང་རིམ་ལ་མཐོ་རླབས་འཕྱུར་བཞིན་པའི་སྐབས་སུ་དོགས་པ་བསལ་ན། ཀློག་པ་པོའི་ལྟ་ཀློག་གི་འདུན་པ་ཆེ་ཆེར་སྐྱེད་ཐུབ།དཔེར་ན་ཁོ་བོའི་སྒྲུང་གཏམ་ལས《ཟླ་བ་དང་མེ་ལོང》ལ་ཆ་མཚོན་ན། བརྩམས་ཆོས་ཀྱི་ཁག་སྔོན་མར་ཟླ་བ་སྒྲོལ་མས་སྐྲ་ལོ་རིང་པོ་ཅན་གྱི་ཟླ་བ་ཚེ་རིང་འཚོལ་བ་དེ་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ཡོད་ལ། བྱུང་རིམ་དེ་ཉིད་མདུན་ལ་འདེད་སྐབས། ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་དོན་ཅི་ཡིན་པ་དང་། གཉིས་ཀའི་བར་ན་འཚོལ་དགོས་པའི་འབྲེལ་བ་ཅི་ཞིག་ཡོད་པ་དེ་དུས་ལྟར་མ་བརྗོད་དེ་དོགས་གཞི་སེལ་ཡུན་ཇེ་རིང་ལ་བཏང་བ་ན། ཀློག་པ་པོའི་ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་ཐུབ་པར་གྱུར།

ཉིས་བརྒྱ་རེ་བཞི། བྱུང་རིམ་གྱི་གཅོད་མཐུད་ལ་ཁ་ལོ་སྒྱུར་བ་ཞེས་པ་ག་འདྲ་ཞིག་ལ་གོ་དགོས་པ་དང་། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། སྒྲུང་གཏམ་སྐོར་ཞིག་གི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། མཚམས་རེར་བྱུང་རིམ་གང་ཞིག་མདུན་ལ་དེད་དེ་ཆེས་ཡིད་དབང་འཕྲོག་པའི་སྐབས་སུ། བྱུང་རིམ་དེ་ཉིད་གནས་སྐབས་སུ་བརྗོད་མཚམས་བཞག་སྟེ། ཁུངས་སྣེ་གཞན་ཞིག་བཟུང་ནས་བྱུང་རིམ་མདུན་ལ་འདེད་པ་དང་། གོ་སྐབས་འོས་འཚམ་ཞིག་གི་སྐབས་སུ་སྔར་དུས་སྤངས་པའི་ཁུངས་སྣེ་སླར་ཡང་འཛིན་བཞིན་ཡོད་ལ། སྣང་ཚུལ་འདི་ལ་བྱུང་རིམ་གྱི་གཅོད་མཐུད་ཟེར་དགོས་འདུག ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་།《ནས》དང་།《མེ་ལོང་ནང་གི་ཕྱེ་མ་ལེབ》དང་།《གླག》དང་།《བྱང་ཆུབ་སེམས་དཔའ། སྤྱང་མོ། ད་དུང་འཇིགས་སུ་རུང་བའི་དམྱལ་ཁམས》སོགས་ལ་ཆ་མཚོན་ན་བྱུང་རིམ་ནི་གཅོད་པ་དང་མཐུད་པའི་ཐབས་ལ་བརྟེན་ནས་བཀོད་སྒྲིག་བྱས་པ་ཡིན་ཏེ། དཔེར་ན་སྒྲུང་འབྲིང《ནས》ལས་འདས་པའི་དུས་སུ་ཇོ་རུ་དང་ཨ་ཁུ་ཁྲོ་ཐུང་གཉིས་ཀ་འདན་མ་ནས་རྫོང་འབེབས་པར་ཕྱིན་པ་དང་། ད་ལྟའི་དུས་སུ་སྔགས་འཆང་པདྨ་ཁྲོ་རྒྱལ་དང་ཇོ་སྐྱབས་གཉིས་ཀ་མེས་པོའི་གཅེས་ནོར་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་བརྗོད་དགོས་པ་ན། གཅོད་མཐུད་ཀྱི་རྩོམ་ཐབས་ལག་བསྟར་མི་བྱེད་ཀ་མེད་དུ་གྱུར་པས།  སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། ཐོག་མར་རྐྱང་རྒོད་གཤོང་ཆེན་ལ་དམིགས་པ་གཏད་དེ།སྔགས་འཆང་པདྨ་ཁྲོ་རྒྱལ་དང་ཇོ་སྐྱབས་གཉིས་ཀ་རྐྱང་རྒོད་གཤོང་ཆེན་ལ་བསླེབས་པའི་རྗེས་ཀྱི་གཏམ་རྒྱུད་དུམ་བུ་ཞིག་བརྗོད་རྗེས།འཇའ་རིས་ལ་བརྟེན་ནས་རྐྱང་རྒོད་གཤོང་ཆེན་དང་སྤྱི་དཔོན་རོང་ཚ་རྒན་གྱི་གནམ་རྫོང་ཕྱུག་མོ་གཉིས་ཀ་ལྷན་དུ་སྦྲེལ་པ་མ་ཟད། སྔར་གྱི་གཏམ་རྒྱུད་ཀྱི་རྒྱུན་བཅད་དེ་རོང་ཚ་ཁྲ་རྒན་རྨ་སྨད་ལ་བྱོན་ཏེ་ཇོ་རུ་འདན་མ་ནས་རྫོང་འབེབས་པར་མངགས་པ་དེ་བརྗོད་པ་དང་། དེའི་རྗེས་སུ་སྔགས་འཆང་པདྨ་ཁྲོ་རྒྱལ་གྱིས་མེས་པོའི་གཅེས་ནོར་བཙལ་པའི་གོ་རིམ་ཚན་པ་རེ་རེའི་རྗེས་ལ《འདན་མ་ནས་རྫོང》གི་བྱུང་རིམ་ཡིད་དུ་འོང་བ་རེ་མཐུད་དེ་སྒྲུང་གཏམ་གྱི་བརྗོད་བྱ་རྫོགས་པར་བརྗོད་པ་ལྟ་བུའོ།། དེ་མིན། སྐབས་རེར་བྱུང་རིམ་མདུན་ལ་འདེད་སྐབས།སྐབས་སུ་བབས་པའི་གཏམ་རྒྱུད་ཀྱི་རྒྱུན་དེ་གནས་སྐབས་སུ་བརྗོད་མཚམས་བཞག་སྟེ།བརྗོད་དོན་གཞན་ཞིག་གསབ་ནས་བརྗོད་བཞིན་ཡོད་ལ། བྱུང་རིམ་འདི་ལྟར་བསྒྲིགས་ན། སྤྲོས་བརྗོད་ཀྱི་འགྲོས་ལ་འཕྱོ་འཇགས་དང་དལ་མགྱོགས་ཀྱི་འགྱུར་ལྡོག་བྱུང་སྟེ། ཀློག་པ་པོས་བྱུང་རིམ་སྡེབ་སྒྲིག་གི་འགྱུར་ལྡོག་ཁྲོད་ནས་སྒྱུ་རྩལ་གྱི་མཛེས་པ་ཕུན་སུམ་ཚོགས་པ་ཞིག་ཉམས་སུ་མྱོང་ཐུབ་པ་ཡིན།   ཁོ་བོའི་སྒྲུང་གཏམ་རྣམས་ལས《འཕྲིན་ལས་རྒྱ་མཚོ》དང་།《ཟླ་བ་དང་མེ་ལོང》དང་། 《འཕོ་འགྱུར》དང་། 《གནས་རི》སོགས་ཀྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བྱུང་རིམ་གྱི་རྒྱུན་གཙོ་བོའི་ཁྲོད་ལ་རྒྱབ་ལྗོངས་སུ་གྱུར་པའམ། གསལ་བཤད་དུ་གྱུར་པའམ། ཡང་ན་བྱུང་རིམ་གྱི་རྔམས་ཇེ་མཐུག་ལ་གཏོང་ནུས་པའི་དོན་དག་གཅིག་གམ་དུ་མ་གསབ་ཡོད་ལ། དེ་དག་ལས《ཟླ་བ་དང་མེ་ལོང》ལ་ཆ་མཚོན་ན། སྒྲུང་གཏམ་གྱི་གཏམ་རྒྱུད་ཀྱི་རྒྱུན་ནི་དྲུག་པའི་ཀླུ་རོལ་གྱི་དུས་སྟོན་སྐབས་སུ་ཟླ་བ་སྒྲོལ་མས་སྐྲ་ལོ་རིང་པོ་ཅན་གྱི་ཟླ་བ་ཚེ་རིང་བཙལ་པའི་གོ་རིམ་དེ་ཡིན་ལ། རྩོམ་མགོ་བཟུང་སྟེ་བྱུང་རིམ་མདུན་ལ་དེད་ནས་གོ་རིམ་ངེས་ཅན་ཞིག་བརྒྱུད་རྗེས། ཡུལ་དེའི་གནས་བདག་གྲགས་ཅན་ཏེ“ཨ་མྱེས་ཁྱུང་སྔོན་དང་ཨ་མ་གཡུ་ཁྲི”གཉིས་ཀའི་ལོ་རྒྱུས་དང་། དེ་གཉིས་དང་དྲུག་པའི་ཀླུ་རོལ་བར་གྱི་འབྲེལ་བ་གསབ་བརྗོད་བྱས་པ་དང་། དེའི་སླར་ཡང་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་བའི་གཏམ་རྒྱུད་བསྐྱངས་ཏེ། ཁོ་མོ“གེ་སར་གསེར་ཁྲི་ཟེར་བའི་དེའུ་འབུར་གྱི་ལྷོ་ངོས་ལ་བསླེབས་བྱུང”བ་ན། བྱུང་རིམ་གྱི་རྔམས་ཇེ་མཐུག་ལ་གཏོང་བའི་དགོས་མཁོ་བསྟུན་ཏེ། གེ་སར་གསེར་ཁྲི་ཟེར་བའི“དེའུ་དེ་ནི་རྨ་ཆུ་སྔོན་མོའི་འགྲམ་ངོགས་སུ་ཡོད་ཅིང་། དེ་ལ་ཡིད་དབང་འཕྲོག་པའི་བཤད་རྒྱུན་ཞིག་ཡོད་པ་ནི།དེའུ་དེ་ནི་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་གི་བཞུགས་ཁྲི་ཡིན་ཟེར་བ་དེ་རེད། རྒྱལ་པོ་ཁོང་གིས་མོན་རྗེ་ཤིང་ཁྲི་རྒྱལ་པོ་དམ་ལ་བཏགས་ཏེ་སླར་བྱོན་སྐབས།དེ་གར་ཉི་མ་བདུན་ལ་བཞུགས་པར་མ་ཟད། ཡུལ་མི་རྣམས་ལ་ཐུགས་རྗེ་ཆེན་པོའི་དབང་ཡང་གནངས། གེ་སར་གསེར་ཁྲི་ནི་དེ་དུས་ཁོང་ལ་བརྩིགས་པའི་ཆོས་ཁྲི་ཡིན”[12]པའི་སྐོར་དེ་གསབ་བརྗོད་བྱས་པ་ལྟ་བུ་ཡིན་ནོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽

ཉིས་བརྒྱ་རེ་ལྔ། བྱུང་རིམ་སྒྲིག་སྦྱོར་གྱི་སྐབས་སུ་ནར་འགྱངས་ཀྱི་ཐབས་ལམ་ལ་སྤྱོད་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལ་ཆ་མཚོན་ན།ནར་འགྱངས་ཀྱི་ཐབས་ལམ་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་ནི་སྣ་ཚོགས་ཤིག་ཡོད་དགོས་མོད། ལྟ་ཀློག་བྱས་པའི་བརྩམས་ཆོས་མང་པོའི་རྩོམ་སྟངས་དང་རང་ཉིད་ཀྱི་གསར་རྩོམ་ལས་བྱུང་བའི་ཉམས་མྱོང་ལྟར་ན། ཐབས་ལམ་རྒྱུགས་ཆེ་བ་ནི་གསུམ་ཡོད་པ་འདྲ་སྟེ།དེ་དག་ནི་ཀློག་མཁན་གྱི་རེ་ལྟོས་ལ་དམིགས་པ་གཏད་པ་དང་། ཀློག་མཁན་གྱི་སུན་སྣང་ལ་དམིགས་པ་གཏད་པ་དང་།བརྩམས་ཆོས་ཀྱི་བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་ལ་དམིགས་པ་གཏད་པ་རྣམས་སོ།།

ཉིས་བརྒྱ་རེ་དྲུག ཀློག་མཁན་གྱི་རེ་ལྟོས་ལ་དམིགས་པ་གཏད་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་པ་དང་། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། སྒྲུང་གཏམ་ལ་ལ་གསར་རྩོམ་བྱེད་སྐབས། བྱུང་རིམ་སྐོར་ཞིག་མདུན་ལ་དེད་དེ་དུས་རིམ་ངེས་ཅན་ཞིག་ལ་སླེབས་སྐབས་ཀློག་པ་པོས་མྱུར་མོར་བྱུང་རིམ་གྱི་མཇུག་འབྲས་རྟོགས་པར་འདོད་ངེས་ཡིན་ལ། གནས་ཚུལ་འདི་འདྲར་འཕྲད་པ་ན། རྩོམ་པ་པོ་ནི་ཀློག་པ་པོའི་རེ་ལྟོས་ཀྱི་ལྡོག་ཕྱོགས་ནས་ལངས་ཏེ། རྟོགས་འདོད་ཆེ་བའི་མཇུག་འབྲས་དེ་མྱུར་མོར་མི་བརྗོད་པ་མ་ཟད། གནད་འགག་གི་སྐབས་སུ་དེར་གློ་བུར་དུ་བྱུང་རིམ་མདུན་ལ་འདེད་མཚམས་འཇོག་པ་དང་། ལུགས་དང་མཐུན་པའི་སྒོ་ནས་བྱུང་རིམ་གཞན་ཞིག་དྲངས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་ཀློག་མཁན་ལ་མནར་གཅོད་གཏོང་བཞིན་ཡོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》ལ་མཚོན་ན། མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ཡི་རིག་པ་འཆོལ་བའི་འཕྲུལ་སྣང་དེ་སྲོག་ཤིང་བྱས་ཏེ་བྱུང་རིམ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། འཕྲུལ་སྣང་གི་འབྱུང་རྐྱེན་དང་འཕྲུལ་སྣང་ཁྲོད་ན་གནས་པའི་རྣམ་པ་དེ་ལེགས་པར་མཚོན་ཆེད། མི་སྣའི“འདས་པའི་དུས”ཀྱི་བྱ་སྤྱོད་དང“ད་ལྟའི་དུས”ཀྱི་སྤྱོད་ལམ་གཉིས་ཀ་ཁུངས་སྣེ་རེ་རེར་བཟུང་སྟེ་དུས་ཚོད་འཆོལ་བའི་སྒོ་ནས་བྱུང་རིམ་མདུན་ལ་དེད་པ་ཡིན་ལ། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། ཐོག་མར་མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ནི་ཇ་ཁང་གི་དྲ་མིག་འགྲམ་གྱི་རྐུབ་སྟེགས་སྟེང་དུ་བསྡད་དེ་ཕྱི་རོལ་ལ་ལྟ་སྐབས། ཁོ་རང་ཇ་ཁང་མདུན་གྱི་གཞུང་ལམ་ངོས་སུ་གན་རྐྱལ་དུ་ཉལ་འདུག་པ་མཐོང་བའི་སྐོར་དེ་ཞིབ་ཏུ་བརྗོད་པ་ན། ག་མཁན་གྱིས་སྣང་ཚུལ་ཡ་མཚན་དེ་འདྲ་འབྱུང་དོན་ཅི་ཡིན་པ་མྱུར་མོར་རྟོགས་འདོད་ངེས་མོད། རྩོམ་མཁན་ནི་ཀློག་པ་པོའི་རེ་ལྟོས་ཀྱི་ལྡོག་ཕྱོགས་སུ་ལངས་ཏེ་ཀློག་མཁན་གྱིས་རྟོགས་པར་འདོད་པ་དེ་དུས་ལྟར་མི་བརྗོད་པ་མ་ཟད། གནད་འགག་གི་སྐབས་སུ་བྱུང་རིམ་གཞན་པ་སྟེ་མེ་ལོང་ནང་ལ་ཤར་བའི་ཕྱེ་མ་ལེབ་ཀྱི་སྐོར་བྲིས་པ་དང་། ཀློག་པ་པོས་ཕྱེ་མ་ལེབ་ཀྱི་གཏམ་རྒྱུད་ཚན་པ་དེ“རྩོམ་པ་པོ”དང་འབྲེལ་བ་ཅི་ཞིག་ཡོད་པ་ཤེས་འདོད་སྐབས། གློ་བུར་དུ་སྔར་གྱི་གཏམ་རྒྱུད་ཀྱི་རྒྱུན་བསྐྱུར་ཏེ“རྩོམ་པ་པོ”ཇ་ཁང་དུ་གནས་པའི་སྐབས་ཀྱི་གཏམ་རྒྱུད་ཀྱི་རྒྱུན་དེ་མདུན་ལ་དེད་བྱུང་ལ། འདི་ལྟར“འདས་པ”དང“ད་ལྟ”གཉིས་ཀ་ཀློག་པ་པོའི་རེ་ལྟོས་ཀྱི་ལྡོག་ཕྱོགས་སུ་ལངས་ཏེ་ལྷན་དུ་བསྡེབས་ནས་རྩོམ་མཇུག་སྐབས་སུ་བབས་པའི་བརྗོད་དོན་རྫོགས་པར་བསྟན་པ་ན། སྐྱེས་པ་ཞིག་གི་ཕུགས་ཀྱི་མ་བརྟན་པ་ལ་བརྟེན་ནས་བྱུང་བའི་བརྩེ་དུང་གི་སྐྱོ་གར་ཀློག་མཁན་གྱི་མཐོང་ལམ་ལ་གཤོམ་ཐུབ་པར་གྱུར་པ་མ་ཟད། བྱུང་རིམ་གྱི་གཅོད་ལུགས་དང་མཐུད་ལུགས་ལ་བརྟེན་ནས་ཀློག་མཁན་ལ་སྒྱུ་རྩལ་གྱི་མནར་གཅོད་ཅུང་ཟད་གཏོང་ཐུབ་པར་གྱུར།

ཉིས་བརྒྱ་རེ་བདུན། ཀློག་མཁན་གྱི་སུན་སྣང་ལ་དམིགས་པ་གཏད་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་པ་དང་། དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།

   ལན། རིལ་པོ་སིལ་བུར་གཏོར་བ་ནི་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་ལུགས་གལ་འགངས་ཆེ་བ་ཞིག་ཡིན་ལ། སྤྱིར་ན་རྩོམ་མཁན་གྱིས་སྒྲུང་གཏམ་གང་ཞིག་གི་བྱུང་རིམ་སིལ་བུར་གཏོར་སྐབས། བརྩམས་ཆོས་ཀྱི་བརྗོད་བྱ་ལེགས་པར་སྟོན་པ་དང་ཀློག་མཁན་གྱི་ཡིད་སེམས་འགུགས་པ་ལ་བསམ་བློ་གཏང་དགོས་མོད། བྱུང་རིམ་གང་ཞིག་གི་རྒྱུན་དེ་མདུན་ལ་འདེད་ཡུན་རིང་དྲགས་ན་ཀློག་མཁན་ལ་སུན་སྣང་བྱུང་སྟེ་ལྟ་ཀློག་གི་འདུན་པ་ཉམས་པའི་ཉེན་ཁ་འབྱུང་སྲིད། སྣང་ཚུལ་འདི་ཉིད་འགོག་ཆེད། སྒྲུང་གཏམ་གྱི་བྱུང་རིམ་གང་ཞིག་མདུན་ལ་དེད་དེ་དུས་རིམ་ངེས་ཅན་ཞིག་ལ་བསླེབས་པ་ན། དེ་ཉིད་བརྗོད་མཚམས་བཞག་སྟེ་དོན་དག་གཞན་ཞིག་གམ་བྱུང་རིམ་གྱི་རྒྱུན་གཞན་ཞིག་དྲངས་ཏེ་བརྗོད་བཞིན་གདའ། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》གཉིས་ལ་ཆ་མཚོན་ན། གཉིས་ཀ་ཁུངས་སྣེ་གཉིས་ཅན་གྱི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་ཤིང་། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁུངས་སྣེ་གཉིས་ལས་བྱུང་རིམ་གྱི་རྒྱུན་ཞིག་དེད་དེ་དུས་རིམ་ངེས་ཅན་ཞིག་ལ་སོན་པའི་སྐབས་སུ། ཀློག་མཁན་གྱི་སུན་སྣང་འགོག་ཆེད་བཟུང་འདུག་པའི་ཁུངས་སྣེ་གནས་སྐབས་སུ་བསྐྱུར་ནས་ཁུངས་སྣེ་གཞན་ཞིག་དྲངས་ཏེ། ཁུངས་སྣེ་གཉིས་ཀ་རེས་མོས་ཀྱི་སྒོ་ནས་གཅོད་པ་དང་མཐུད་པའི་ཐབས་ལ་བརྟེན་ནས་སྒྲུང་གཏམ་གྱི་བརྗོད་དོན་རྫོགས་པར་བསྟན་པ་ཡིན།

ཉིས་བརྒྱ་རེ་བརྒྱད། བརྗོད་དོན་ལ་དམིགས་པ་གཏད་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་པ་དང་།དེ་ཉིད་གསར་རྩོམ་དངོས་ལ་འཇུག་སྐབས་གང་ལྟར་སྤྱད་དགོས།
   ལན། སྒྲུང་གཏམ་སྐོར་ཞིག་ལ་ཆ་མཚོན་ན། བྱུང་རིམ་གྱི་རྒྱུན་གཙོ་བོ་ནར་འགྱངས་བྱེད་པ་ནི་བརྗོད་བྱའི་དོན་དེ་ལེགས་པར་སྟོན་པ་དང་།  བརྩམས་ཆོས་ཀྱི་བརྗོད་བྱའི་རྔམས་ཀ་ཇེ་མཐུག་ལ་གཏོང་བར་དམིགས་པ་ཡིན་ལ། དཔེར་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《དྲེད་མོང》ལ་ཆ་མཚོན་ན་བྱུང་རིམ་གྱི་རྒྱུན་གཙོ་བོ་ནི་ཚེ་རིང་གཡུ་མཚོ་དྲེད་མོང་གི་གནོད་འཚེ་ལ་འཇིགས་པ་དེ་ཡིན་མོད། རྩོམ་མགོ་བཟུང་སྟེ་ཚེ་རིང་གཡུ་མཚོའི་འཇིགས་སྣང་མཚོན་པའི་བྱུང་རིམ་དེ་མདུན་ལ་ཅུང་ཟད་དེད་རྗེས། སྔར་གྱི་བྱུང་རིམ་གྱི་རྒྱུན་བཅད་དེ་ཚེ་རིང་གཡུ་མཚོ་དང་ཁོ་མོའི་ཁྱོ་ག་བཀྲ་ཤིས་གཉིས་ཀ་ཇི་ལྟར་འཕྲད་པའི་གོ་རིམ་དེ་གསབ་ནས་བརྗོད་ཡོད་ལ། འདི་ལྟར་གཅོད་པ་དང་འདི་ལྟར་མཐུད་པ་ལ་དམིགས་ཡུལ་ནི་གཉིས་ཡོད་དེ། གཅིག་ནི་བརྗོད་བྱའི་གྲུབ་ཆ་རྫོགས་པར་སྟོན་ཆེད་ཡིན་པ་དང་། གཉིས་པ་ནི་རྩོམ་མཇུག་བསྡུ་སྐབས“དྲེད་མོང”དེ“བཀྲ་ཤིས”སུ་སྒྱུར་བར་བྱུང་རིམ་ཐད་ལ་རྨང་གཞི་བཏིངས་པ་ཡིན། 《ཟླ་བ་དང་མེ་ལོང》གི་བརྗོད་བྱ་ནི་གཞོན་ནུ་ཕོ་མོའི་བརྩེ་དུང་ཡིན་ལ། སྒྲུང་གཏམ་དེ་ལས་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་བའི་བྱུང་རིམ་དེ་མདུན་ལ་དུས་རིམ་ངེས་ཅན་ཞིག་ལ་བསླེབས་རྗེས། སྔར་གྱི་བྱུང་རིམ་བསྐྱུར་ཏེ་ཡུལ་དེ་གའི་གཞི་བདག་གྲགས་ཅན་ཨ་མྱེས་ཁྱུང་སྔོན་དང་ཨ་མ་གཡུ་ཁྲི་གཉིས་ཀའི་བརྩེ་དུང་གི་གཏམ་རྒྱུད་དྲངས་པ་དང། དེ་ནས་སླར་ཡང་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་གླེངས་ཏེ་དུས་རིམ་ངེས་ཅན་ཞིག་ལ་སླེབས་སྐབས། སྔར་གྱི་བྱུང་རིམ་གྱི་རྒྱུན་དེ་བསྐྱུར་ནས་གེ་སར་གསེར་ཁྲིའི་བྱུང་ལུགས་བརྗོད་པ་ལ་དམིགས་ཡུལ་ནི་གཉིས་ཡོད་དེ། གཅིག་ནི་ཀློག་མཁན་གྱི་སུན་སྣང་འཇོམས་ཆེད་དང་། གཉིས་ནི་རིག་གནས་རྒྱབ་ལྗོངས་དང་གཞི་བདག་གི་བརྩེ་དུང་ལ་བརྟེན་ནས་ཟླ་བ་སྒྲོལ་མ་དང་ཟླ་བ་ཚེ་རིང་གཉིས་ཀ་ཀླུ་རོལ་དུས་སྟོན་དུ་འཕྲད་པ། ཀླུ་རོལ་དུས་སྟོན་དུ་གཅིག་སེམས་གཅིག་ལ་འདྲིས་པ་དེ་རིག་གནས་དང་གོམས་སྲོལ་གཟབ་ནན་ཅན་ཞིག་གི་གཞི་ལ་འདྲེན་ཐུབ་པར་གྱུར་པས། བར་སྐབས་སུ་གསབ་པའི་བྱུང་རིམ་དེ་གཉིས་ཀས་སྒྲུང་གཏམ་གྱི་བརྗོད་བྱའི་རྔམས་ཀ་ཇེ་མཐུག་ལ་གཏོང་བའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ་སོང་།

ཉིས་བརྒྱ་རེ་དགུ། ནར་འགྱངས་ཀྱི་ཐབས་ལ་བརྟེན་ནས་སྒྲུང་གཏམ་བྱུང་རིམ་ལ་སྟོབས་ཤུགས་སྩོལ་ན་ཡིད་འཇོག་བྱ་དགོས་པའི་གནད་ག་འདྲ་ཡོད།

   ལན། ནར་འགྱངས་ཀྱི་ཐབས་ལ་བརྟེན་ནས་སྒྲུང་གཏམ་བྱུང་རིམ་ལ་སྟོབས་ཤུགས་སྩོལ་ན་ཡིད་འཇོག་བྱ་དགོས་པའི་གནད་འདི་འདྲ་ཡོད་པར་སྙམ་སྟེ། གཅིག ནར་འགྱངས་བྱེད་སྐབས་གཅོད་ལུགས་དང་མཐུད་ལུགས་གཉིས་ལ་དང་དོད་བྱས་ཏེ། བྱུང་རིམ་གྱི་རྒྱུན་གཅོད་ན་ཀློག་པ་པོ་མ་སུན་པའི་ཡར་སྔོན་དུ་གཅད་དགོས་པ་དང་། བྱུང་རིམ་གྱི་རྒྱུན་གཞན་ཞིག་མཐུད་པའི་སྐབས་སུ་ཀློག་མཁན་གྱི་བློ་ཁེགས་མི་རུང་སྟེ།    གལ་སྲིད་བློ་ཁེགས་པར་གྱུར་ན། མཐུད་མཚམས་ལ་སྟོང་ཆ་འཇོག་པའམ། ལེའུའམ། གཉིས་པའམ། གསུམ་སོགས་འཇོག་པ་དང་། ཡང་ན་འཕོ་བརྒལ་གྱི་ཚིག་སྦྱར་ནས་ཀློག་མཁན་ལ་གསལ་འདེབས་བྱ་དགོས། གཉིས། བྱུང་རིམ་གྱི་རྒྱུན་གཙོ་བོའི་ཁྲོད་ལ་གསབ་བའི་བྱུང་རིམ་དང་དོན་དག་གཞན་དག་ནི་བརྗོད་བྱ་རྫོགས་པར་གྲུབ་ཆ་མེད་དུ་མི་རུང་བ་དང་། སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པར་རམ་འདེགས་ཀྱི་ནུས་པ་འདོན་ནུས་པ་ཞིག་ཡིན་དགོས་ཏེ། གལ་སྲིད་དགེ་མཚན་འདི་འདྲ་མི་ལྡན་ན། འབྲེལ་མེད་ཀྱི་གཏམ་ལྷག་བརྗོད་དེ་བྱུང་རིམ་གཙོ་བོ་བསྒྲིབས་པའི་བརྗོད་ཉེས་འབྱུང་ཉེན་ཆེ། གསུམ། བྱུང་རིམ་གྱི་གཅོད་ལུགས་དང་མཐུད་ལུགས་ནི་མིའི་བསམ་བློ་གཏོང་སྟངས་དང་མཐུན་དགོས་ཏེ། གལ་སྲིད་བསམ་གཞིག་གི་གཏན་ཚིགས་དང་འགལ་བ་ན། སྒྲུང་གཏམ་གྱི་བརྗོད་བྱ་གཞི་གཅིག་ལ་འབབ་དཀའ་བ་མ་ཟད། ཀློག་མཁན་གྱི་ལྟ་ཀློག་གི་འདུན་པ་ནི་མཐུད་མཚམས་མི་ལེགས་པ་དེ་གར་ཁེགས་པའི་ཉེན་ཁ་ཡོད་པར་སྙམ།

ཉིས་བརྒྱ་བདུན་ཅུ། ཅི་ཞིག་ལ་བྱུང་རིམ་ཕྲ་མོ་ཟེར།

   ལན། སྤྱིར་ན་རྒྱ་རིགས་ཀྱི་རྩོམ་རིག་གི་བརྡ་ཆད་དེ细节ཞེས་པའི་སྐད་དོད་ལ་རྣམ་པ་ཕྲ་མོ་བཀོད་ན་འོས་ཤིང་འཚམ་པ་ཞིག་ཡིན་མོད།  འོན་ཏེ་ད་སྐབས་གཞུང་ལུགས་དཔེ་དེབ་སྔོན་མ་རྣམས་སུ“བྱུང་རིམ་ཕྲ་མོ”ཞེས་པར་བསྒྱུར་པ་དེ་མ་དག་རྒྱུན་འབྱམས་སུ་སོང་འདུག་པས། དྲི་བ་དྲིས་ལན་ལ་སྐབས་ཀྱང细节ཡི་སྐད་དོད་ལ་བྱུང་རིམ་ཕྲ་མོ་འདྲེན་དགོས་བྱུང་།འབྲེལ་ཡོད་གཞུང་ལུགས་ལ་ཞིབ་ཏུ་དཔྱད་ན། རྩོམ་རིག་བརྩམས་ཆོས་ལས་མི་སྣའི་གཤིས་ཀའམ་སེམས་ཁམས་མཚོན་བྱེད་ཀྱི་དོན་དག་བྱེ་བྲག་པ་དང་། བྱུང་རིམ་གྲུབ་བྱེད་ཀྱི་དོན་དག་བྱེ་བྲག་པ་དང་།   སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་ལ་བྱུང་རིམ་ཕྲ་མོ་ཟེར་བ་ཡིན་ལ། སྒྲུང་གཏམ་དུ་ཁྱད་ཆོས་མངོན་པར་གསལ་བའི་སྒོ་ནས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱས་ན། བྲི་བྱའི་རྣམ་པ་དང་ཁྱད་ཆོས་ནི་ཕྲ་ཞིང་ཞིབ་པ་དང་བདེན་ཁ་མི་འཆོར་བའི་སྒོ་ནས་མཚོན་པར་ནུས་པ་མ་ཟད། བྱུང་རིམ་བདེ་བླག་ངང་ནས་མདུན་ནས་མདུན་ལ་འདེད་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པ། བརྩམས་ཆོས་ཀྱི་བརྗོད་སྙིང་ལེགས་པར་སྟོན་པ་ལ་ཤིན་ཏུ་ཕན་པ་ལས་གཞན། གལ་སྲིད་བྱ་དངོས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་དང་ཁྱད་ཆོས་དེ་གང་ལྟར་ཡིན་ན་དེ་ལྟར་ཡི་གེའི་རྣམ་པར་སྤེལ་ན། སྒྲུང་གཏམ་གྱི་སྒྱུ་རྩལ་རིན་ཐང་ཇེ་མཐོར་གཏོང་བའི་ཐད་དུ་དགེ་མཚན་ཆེན་པོ་ལྡན།



[1]བཀྲ་བྷ།《ནས》2009ལོའི《སྦྲང་ཆར》དེབ་དང་པོ།   ཤོག་ངོས42ན་གསལ།

[2]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས94-96ན་གསལ།

[3]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས172-185ན་གསལ།

[4]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས172-182ན་གསལ།

[5]བཀྲ་བྷ།《ནས》2009ལོའི《སྦྲང་ཆར》དེབ་དང་པོ། ཤོག་ངོས42ན་གསལ།

[6]བཀྲ་བྷ།《ར་བྷ་འདྲེ་མིག་དང་རིན་རྐྱལ་ཁ》1998ལོའི《སྦྲང་ཆར》དེབ་བཞི་པ། ཤོག་ངོས4ན་གསལ།

[7]བཀྲ་བྷ།《མེ་ལོང་ནང་གི་ཕྱེ་མ་ལེབ》2016ལོའི《སྦྲང་ཆར》དེབ་གསུམ་པ། ཤོག་ངོས93-97ན་གསལ།

[8]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས242-246ན་གསལ།

[9]བཀྲ་བྷ།《མེ་ལོང་ནང་གི་ཕྱེ་མ་ལེབ》2016ལོའི《སྦྲང་ཆར》དེབ་གསུམ་པ། ཤོག་ངོས93-94ན་གསལ།

[10]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས166ན་གསལ།

[11]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས175-181ན་གསལ།

[12]བཀྲ་བྷ།《མེ་ལོང་ནང་གི་ཕྱེ་མ་ལེབ》2016ལོའི《སྦྲང་ཆར》དེབ་གསུམ་པ། ཤོག་ངོས87-92ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༠༽
  • དོ་སྣང་ཆེ་བའི་རྩོམ།