པད་མ་ཆོས་ཉིད། 2019-04-29
བྱིས་པ་ཆུང་ངུ་རྣམས་བྱིས་གསོ་ཁང་འགྲིམ་དགོས་པ་དེ་ནི་སློབ་གསོའི་རྒྱུད་རིམ་དང་བྱིས་པའི་འཚར་ལོངས་ཁྲོད་ངེས་པར་དུ་བརྒྱུད་དགོས་པའི་རིམ་པ་ཞིག་ཡིན། དོན་དངོས་ཀྱི་བྱིས་པའི་སློབ་གསོའི་ཁྲོད། བྱིས་གསོ་ཁང་གི་བྱིས་པའི་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་རྒྱུན་པར་ཁོང་ཚོའི་གོམས་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་དང་བྱིས་གསོ་ཁང་ནང་དུ་ཁོང་ཚོའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན་ལ། དེས་བྱིས་པ་རྣམས་མ་འོངས་པར་ལུས་སེམས་བདེ་ཐང་དང་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་ཐད་གོམས་གཤིས་ལེགས་པོ་ཞིག་འཇགས་ཐུབ་པར་ཐད་ཀའི་འབྲེལ་བ་ཡོད་པ་ཡིན། རྩོམ་ཡིག་འདིའི་ནང་དུ་བྱིས་པར་གོམས་གཤིས་ལེགས་པོ་ཞིག་ཇི་ལྟར་སྐྱེད་སྲིང་བྱེད་དགོས་པ་དང་དེར་འཕྲད་པའི་གནད་དོན་ཁ་ཤས་དང་དེ་དག་ཇི་ལྟར་བསལ་དགོས་པའི་སྐོར་ལ་ཞུ་རྒྱུ་ཡིན།
གནད་ཚིག བྱིས་པ། བྱིས་པའི་སློབ་གསོ། གོམས་གཤིས། གསོ་སྐྱོང་།
མི་རྣམས་འཚར་ལོངས་ཀྱི་བརྒྱུད་རིམ་ངོས་ནས་བརྗོད་ན་བྱིས་པའི་དུས་སྐབས་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པ་རེད། བྱིས་པའི་དུས་སྐབས་ནི་མི་ཚེ་ཧྲིལ་པོའི་འགོ་ཚུགས་པའི་སྐབས་ཡིན་པས་བྱིས་པའི་སྐབས་ཀྱི་གོམས་གཤིས་ཀྱིས་མི་དེའི་མི་ཚེ་ཧྲིལ་པོའི་ཁ་ཕྱོགས་གང་དུ་བསྲིངས་མིན་གྱི་ཐད་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་ན་བྱིས་པའི་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་འདོད་ཚེ། འབྲེལ་ཡོད་དགེ་རྒན་དག་གིས་ཟམ་མ་ཆད་པར་སློབ་གསོའི་ཐབས་ལམ་དང་སློབ་ཁྲིད་བཅོས་བསྒྱུར་སོགས་ལ་འབད་དགོས། བྱིས་གསོ་ཁང་གི་སློབ་ཁྲིད་ཀྱིས་སློབ་མར་ཤེས་བྱ་ཁ་ཤས་ངོ་སྤྲོད་བྱེད་པ་ཕུད་ཆེས་གལ་འགངས་ཆེ་བ་ཞིག་ནི་བྱིས་པའི་བསམ་བློ་དང་གོམས་གཤིས་ཡང་དག་པའི་ཕྱོགས་སུ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་པ་རེད།
གཅིག བྱིས་གསོ་ཁང་གི་བྱིས་པ་རྣམས་ཀྱི་གོམས་གཤིས་གསོ་སྐྱོང་ཐད་འཕྲད་པའི་གནད་དོན།
མིག་སྔར་རང་རྒྱལ་གྱི་བྱིས་པའི་སློབ་གསོར་མཐོང་ཆེན་བྱ་ཚད་ཟམ་མི་ཆད་པར་མཐོར་འདེགས་འགྲོ་བཞིན་ཡོད་ཅིང་། སློབ་གསོའི་ཐབས་ལམ་གཏིང་ཟབ་ཅན་དང་ལག་ལེན་ཅན་དུ་བསྒྱུར་ཅི་ཐུབ་བྱེད་བཞིན་ཡོད་ལ། དེས་བྱིས་པ་རྣམས་ཀྱི་གོམས་གཤིས་གསོ་སྐྱོང་བྱ་རྒྱུར་ནུས་པ་མི་དམན་པ་ཐོན་བཞིན་ཡོད་པ་རེད། བྱིས་པ་རྣམས་བྱིས་གསོ་ཁང་འགྲིམས་པའི་སྐབས་ཁོ་ཚོར་ཡང་དག་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་པ་བྱ་རྒྱུ་ནི་ཁྱིམ་བདག་དང་དགེ་རྒན་སོགས་སྤྱི་ཚོགས་ཀྱི་འབྲེལ་ཡོད་མི་སྣ་མང་པོའི་དོ་འཁུར་བྱེད་སའི་གནད་དོན་ཞིག་ཡིན་པ་དང་། བྱིས་གསོ་ཁང་གི་སློབ་གསོ་ལེགས་པོ་ཞིག་མྱོང་ཐུབ་ཚེ་དེས་བྱིས་པའི་ཀུན་སྤྱོད་དང་གོམས་གཤིས་སོགས་ཡང་དག་པའི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུར་ནུས་པ་གལ་ཆེན་ཞིག་ཐོན་གྱི་ཡོད། འོན་ཏེ་ལག་ལེན་དངོས་དང་ལོ་མང་གི་ཞིབ་འཇུག་བྱས་པར་བརྒྱུད་བྱིས་པའི་སློབ་གསོ་དང་གོམས་གཤིས་སོགས་སྐྱེད་སྲིང་བྱ་རྒྱུའི་ཐད་ད་དུང་དང་གནད་དོན་མང་པོ་ཞིག་ལྷག་ལུས་ཡོད་ཅིང་། གནད་དོན་དེའི་རྐྱེན་གྱིས་དགེ་རྒན་གྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་མི་ཐུབ་པར་མ་ཟད། བྱིས་པ་རྣམས་ཀྱི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། ཡང་དག་པའི་བསམ་བློ་དང་གོམས་གཤིས། ཡ་རབས་སྤྱོད་བཟང་བཅས་ཆགས་རྒྱུར་ལྡོག་ནུས་ཐོན་བཞིན་ཡོད་པ་རེད། གཤམ་ལ་དེའི་སྐོར་གྱི་གནད་དོན་དག་དཔེ་དང་བསྒྲགས་ནས་ཞུ་བར་འདོད་དེ།
༡ མི་མང་པོ་ཞིག་གིས་བྱིས་པའི་ཀུན་སྤྱོད་དང་གོམས་གཤིས་སྐྱེད་སྲིང་ལ་སྣང་ཆུང་ཤོར་འགྲོ་བ།
རང་རྒྱལ་གྱི་སློབ་གསོའི་སྡེ་ཁག་གིས་སྔ་ས་ནས་བྱིས་པའི་སློབ་གསོའི་ཐད་འཕྲད་པའི་གནད་དོན་མང་དག་ཅིག་ངོས་འཛིན་ཐུབ་པར་མ་ཟད། བྱིས་པའི་ཡ་རབས་གཤིས་ཀ་དང་གོམས་གཤིས་སོགས་སྐྱེད་སྲིང་བྱ་རྒྱུར་གལ་ཆེའི་རང་བཞིན་ཡིན་པའི་ངོས་འཛིན་བྱུང་ཡོད་པ་རེད། འོན་ཀྱང་སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ཁྲོད་སློབ་གསོའི་མ་ལག་རྗེས་ལུས་དང་སློབ་གསོའི་ལྟ་བ་རྗེས་ལུས་སོགས་ཀྱི་དབང་གིས་བྱིས་གསོ་ཁང་གི་བྱིས་པའི་སློབ་གསོ་ཡང་དག་པའི་ངང་འཕེལ་རྒྱལ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེ་ལྟར་ཁྱིམ་བདག་དང་དགེ་རྒན་ཕལ་ཆེར་གྱི་མིག་ཟུང་ནི་སློབ་མའི་སློབ་སྦྱོང་གི་ཐད་དུ་འཕངས་པ་ལས་བྱིས་པའི་སློབ་གསོ་དང་གོམས་གཤིས་ལ་དེ་ཙམ་གྱི་དོ་སྣང་ཡོང་གི་མེད། དེ་ནི་གཙོ་ཕལ་གོ་ལྡོག་པ་ཞིག་ཡིན་ཏེ་རྒྱུ་རྐྱེན་དེའི་དབང་གིས་བྱིས་པ་རེ་འགས་ཡི་གེ་ཤེས་པ་ལས་ཤེས་བྱ་མི་ཤེས་པ་དང་། ཁ་ནས་ཤོད་ཤེས་པ་ལས་ལག་ལེན་མི་འཁྱོངས་བ། སྦྱངས་འབྲས་ལེགས་ཀྱང་ཀུན་སྤྱོད་དང་གོམས་གཤིས་ངན་པ་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་རིགས་ཀྱི་གནད་དོན་ལ་དགེ་རྒན་དང་ཁྱིམ་བདག་ཀུན་གྱིས་དོ་སྣང་བྱས་ཏེ། བྱིས་གསོ་ཁང་གི་དུས་སྐབས་སུ་བྱིས་པའི་སློབ་གསོའི་གཙོ་གནད་ནི་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། ཀུན་སྤྱོད་དང་གོམས་གཤིས་ལེགས་པོ་ཞིག་ཆགས་པ་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་དགོས་པ་ལས་དེའི་སྐབས་བྱིས་པ་རྣམས་ལ་མནོན་ཤུགས་ཆེན་པོ་སྤྲད་དེ་ཁོ་ཚོའི་དྭངས་གཙང་གི་བློ་སེམས་གཏན་ནས་འཇོམས་མི་རུང་བ་ཡིན།
༢ སློབ་གསོའི་རྣམ་པ་སྟབས་བདེ་དྲགས་པ་དང་རྗེས་ལུས་ཡིན་པ།
དོན་དངོས་ཀྱི་སློབ་གསོའི་བརྒྱུད་རིམ་ཁྲོད་དགེ་རྒན་ཁ་ཤས་ཀྱིས་བྱིས་པ་རྣམས་ལ་ཡང་དག་པའི་སློབ་གསོ་བྱེད་པ་དང་གོམས་གཤིས་ལེགས་པོ་ཡོང་རྒྱུར་དམིགས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་ཁོང་ཚོའི་ཐབས་ཤེས་མི་འདང་བ་དང་། ཁྲིད་ཆས་སྟབས་བདེ་བ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས། བྱིས་པར་ཡང་དག་པའི་གོམས་གཤིས་འཇགས་རྒྱུར་དེ་ཙམ་གྱི་ནུས་པ་ཆེན་པོ་ཞིག་ཐོན་གྱི་མེད། དུས་རབས་འཕེལ་རྒྱས་ཀྱིས་སློབ་གསོར་ཡང་བཅོས་བསྒྱུར་ཀྱི་དུས་རབས་གསར་པ་ཞིག་བསུས་ཡོང་བར་མ་ཟད། སློབ་གསོའི་དགོས་མཁོ་དང་དམིགས་ཡུལ་སོགས་ལའང་དེ་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད་པ་རེད། མིག་སྔའི་སློབ་གསོ་ལ་འཕྲད་པའི་འགལ་ཟླ་ནི་སྲོལ་རྒྱུན་སློབ་གསོའི་ཐབས་ལམ་གྱིས་དུས་རབས་གསར་པའི་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དེ་རེད། སྲོལ་རྒྱུན་གྱི་སློབ་གསོའི་ཐབས་ལམ་ཁོ་ན་སྤྱོད་མཁན་དག་གིས་དུས་རབས་གསར་པའི་བྱིས་པ་རྣམས་ཀྱི་ཡིད་དབང་འགུག་མི་ཐུབ་པར་མ་ཟད། དུས་རབས་གསར་པའི་སློབ་ཁྲིད་ཀྱི་དགོས་མཁོ་ཡང་སྐོང་མི་ཐུབ་པས་དེས་བྱིས་པར་ཡང་དག་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་པ་བྱ་རྒྱུ་དང་ཁོ་ཚོའི་ཀུན་སྤྱོད་སྐྱེད་སྲིང་བྱ་རྒྱུར་ནུས་པ་དེ་ཙམ་ཐོན་གྱི་མེད། ལས་གནས་སུ་དངོས་སུ་ཞུགས་ཡོད་པའི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ཚེ། གལ་ཏེ་སློབ་ཁྲིད་ཁྲོད་བྱིས་པ་རྣམས་ལ་ཇི་ལྟར་བྱས་ནས་གོམས་གཤིས་ལེགས་པོ་ཞིག་འཇགས་པ་བྱེད་དགོས་པ་དང་ཡང་དག་པའི་བསམ་བློ་ཇི་ལྟར་གཏོང་དགོས་པ། ཀུན་སྤྱོད་ལེགས་པོ་ཇི་ལྟར་བྱེད་དགོས་པ། སྐད་ཆ་ཇི་ལྟར་ཤོད་དགོས་པ་སོགས་ཀྱི་སློབ་གསོ་དག་དཔེ་དྲངས་ནས་བརྗོད་པའམ་ཡང་ན་དེ་དག་སྐོར་གྱི་སྒྲིག་སྲོལ་སོགས་བཤད་ཚེ། དེས་སློབ་མ་རྣམས་ཀྱི་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུར་ནུས་པ་མི་ཐོན་པར་མ་ཟད། དེ་ལྟར་བཤད་མང་ན་བྱིས་པ་རྣམས་སུན་སྣང་སྐྱེ་བ་དང་སློབ་གྲྭར་ཡོང་མི་འདོད་པ། དགེ་རྒན་ལ་མི་དགའ་བ་སོགས་ཀྱི་ལྡོག་ནུས་ཐོན་སྲིད་ཅིང་མཐར་བྱང་ཚད་སློབ་གསོ་མངོན་འགྱུར་ཡོང་རྒྱུར་འགོག་རྐྱེན་ཆེན་པོ་བཟོ་སྲིད་པ་ཡིན།
གཉིས། བྱིས་པའི་གོམས་གཤིས་གསོ་སྐྱོང་ལ་སྨན་པའི་བྱ་ཐབས་འགའ།
༡ 《བྱིས་གསོ་ཁང་གི་བྱིས་པའི་སློབ་གསོའི་མཛུབ་སྟོན་རྩ་འཛིན》ཞེས་པའི་ནང་སྐད་ཡིག་ལ་བརྟེན་ནས་བྱིས་པ་རྣམས་གྱི་དགའ་དད་ཡོད་པའི་བྱེད་སྒོ་སྣ་ཚོགས་སྤེལ་དགོས་ཤིང་། དེ་ལྟར་བྱུང་ན་བྱིས་པ་རྣམས་ཀྱི་སྐད་ཡིག་གི་ནུས་པ་གོང་མཐོར་འགྲོ་བར་མ་ཟད། མི་གཞན་དང་འབྲེལ་བ་བྱེད་པ་དང་གྲོགས་པོ་སྒྲིག་པ། བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་རེད་ཅེས་གསུངས་ཡོད། བྱིས་པ་རྣམས་ཀྱིས་སྐད་ཡིག་སློབ་སྦྱོང་བྱས་པ་བརྒྱུད་དེའི་ནང་ནས་ཡ་རབས་གུས་ཞབས་ཀྱི་ཐ་སྙད་སོགས་མང་དག་ཤེས་ཐུབ་ཅིང་དེ་དག་རོལ་རྩེད་སོགས་བརྒྱུད་ནས་རིམ་གྱིས་འཚོ་བ་དང་ལག་ལེན་དངོས་ཀྱི་ནང་དུ་སྤྱོད་ཐུབ་ཀྱི་ཡོད། དེ་ལྟར་སློབ་ཁྲིད་དང་རོལ་རྩེད་སོགས་ཟུང་འབྲེལ་ལེགས་པར་མ་བྱས་ན་ཁོང་ཚོས་སྦྱངས་པའི་ཡ་རབས་གུས་ཞབས་ཀྱི་ཐ་སྙད་དང་བསམ་བློ་གཏོང་སྟངས། དེ་བཞིན་བྱ་སྤྱོད་སོགས་ཀྱང་དོན་དངོས་ཀྱི་འཚོ་བར་འཁྱོལ་མི་ཐུབ་པས། བྱིས་པར་སློབ་ཚན་དངོས་ཀྱི་སློབ་ཁྲིད་ཕུད་རྒྱུན་པར་རོལ་རྩེད་ཀྱི་ཁྲོད་དུ་སློབ་ཁྲིད་ཀྱི་ནང་དོན་བསྲེ་ཐབས་བྱེད་པ་ནི་གལ་ཆེན་ཞིག་ཏུ་མཐོང་། དེ་ལྟར་སྐད་ཡིག་གི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བྱིས་པ་རྣམས་ཀྱི་བསམ་བློ་བརྗེ་རེས་སོགས་ལ་དོ་སྣང་མང་ཙམ་གནང་ན་བྱིས་པ་རྣམས་ཀྱིས་མི་གཞན་གྱི་སྐད་ཆ་ཉན་ཤེས་པ་དང་ཤོད་ཤེས་པ། གཞན་གྱི་སྐད་ཆར་དབྱེ་ཞིབ་བྱེད་ཤེས་པ་སོགས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་ཡིན།
༢ སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་མང་ཙམ་སྤེལ་དགོས།
བྱིས་གསོ་ཁང་གི་སློབ་གསོའི་དམིགས་ཡུལ་ནི་བྱིས་པ་རྣམས་སློབ་གྲྭའི་འཚོ་བར་གོམས་པ་དང་སློབ་སྦྱོང་བྱེད་པ་དང་བསམ་བློ་གཏོང་བ། ཡ་རབས་ཀྱི་གོམས་གཤིས་ལེགས་པོ་ཆགས་པ་བཅས་ཀྱི་ཆེད་དུ་ཡིན། འོན་ཏེ་བྱིས་པ་རྣམས་ཀྱི་ཡང་དག་པའི་གོམས་གཤིས་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་བྱིས་པ་རྣམས་ཀྱི་བློ་ངོར་ཆེས་རྒྱུན་གཏན་དུ་གྱུར་བའི་བདེ་འཇགས་གནད་དོན་དང་མི་གཞན་ལ་བརྩི་བཀུར་དང་རོགས་རམ་བྱེད་དགོས་པ། རང་སྲུང་བྱེད་ཤེས་པ་སོགས་ནི་བྱིས་པའི་མི་གཞི་དང་ཀུན་སྤྱོད་གོམས་སྲོལ་བཟང་པོ་འཇགས་པའི་ཆེས་རྨང་གཞི་ཡིན་པས། དེས་ན་བྱིས་པ་རྣམས་ཀྱི་གོམས་སྲོལ་དེ་དག་ལེགས་པར་འཇགས་ཆེད་སྤྱི་ཚོགས་ཀྱི་ལག་ལེན་དངོས་ཀྱི་བྱེད་སྒོ་མང་ཙམ་སྤེལ་ཏེ་བྱིས་པར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། མཛེས་སྡུག་ལྟ་བ། རིན་ཐང་ལྟ་བ་བཅས་སྐྱེད་སྲིང་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། བྱིས་གསོ་ཁང་གིས་གཙང་སྦྲ་དང་བདེ་ཐང་། ཡ་རབས་སོགས་ཀྱིས་ལྟེ་བ་བྱས་པའི་བྱེད་སྒོ་སྤེལ་ཏེ་བྱིས་པ་རྣམས་ལ་དོན་དངོས་འཚོ་བའི་ཁྲོད་དེ་དག་ཇི་ལྟར་བེད་སྤྱོད་པ་དང་དེ་དག་རང་གི་གོམས་གཤིས་སུ་ཆགས་ཐབས་བྱ་དགོས།
༣ སྒྱུ་རྩལ་གྱི་སློབ་ཁྲིད་བྱེད་སྒོ་སྤེལ་ཐབས།
སྒྱུ་རྩལ་གྱི་སློབ་ཁྲིད་བྱ་ཐབས་ནི་བརྩེ་སེམས་སློབ་གསོའི་གལ་ཆེའི་གྲུབ་ཆ་ཞིག་ཡིན། སྒྱུ་རྩལ་གྱི་སློབ་ཁྲིད་བྱེད་སྒོ་སྤེལ་ཐབས་བརྒྱུད་ནས་བྱིས་པའི་བརྩེ་སེམས་ཀྱི་གོ་རྟོགས་གསོ་བར་ཕན་པ་ཆེན་པོ་ཡོད། 《བྱིས་པའི་སློབ་གསོའི་མཛུབ་སྟོན་རྩ་འཛིན》ནང་བྱིས་པ་རྣམས་ལ་སྒྱུ་རྩལ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ན་བྱིས་པའི་སྐད་ཆ་ཤོད་པའི་ནུས་པ་དང་བསམ་བློ་གཏོང་སྟངས་སོགས་གསོ་སྐྱོང་ལ་ནུས་པ་གལ་ཆེན་ཐོན་ཀྱི་ཡོད་ཅེས་བཀོད་ཡོད། དེས་ན་རྒྱུན་པར་བྱིས་པ་རྣམས་ལ་སྒྱུ་རྩལ་སློབ་ཁྲིད་ཀྱི་བྱེད་སྒོ་མང་ཙམ་སྤེལ་བ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན་སྟབས། བྱིས་པའི་སློབ་གསོ་བ་དག་གིས་སྣེ་མང་ཅན་གྱི་སློབ་ཁྲིད་བྱ་ཐབས་སྤྱད་དེ་སྒྱུ་རྩལ་སློབ་གསོའི་བྱེད་སྒོ་མང་ཙམ་སྤེལ་བ་དང་མཛེས་རྩལ་དང་གླུ་གཞས་ཀྱི་སློབ་གསོ་གཅིག་སྡུད་ཀྱིས་གླུ་གཞས་བྱིས་པ་རྣམས་འགྲན་བསྡུར་དང་དང་གླུ་གཞས་འཁྲབ་སྟོན། རི་མོའི་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་མང་ཙམ་སྤེལ་དགོས་པ་ཡིན། དེ་ལྟར་བྱུང་ན་བྱིས་པ་རྣམས་ཀྱི་མི་དང་མིའི་བར་གྱི་ཡང་དག་པའི་འབྲེལ་བ་དང་གཟི་བརྗིད་ལ་རྩོད་ལེན་བྱེད་པ། རང་གི་ནུས་པ་སྔོག་འདོན་བྱེད་པ། བསམ་བློ་གཏོང་བ་དང་འབད་བརྩོན་བྱེད་པ་སོགས་ཀྱི་ཐད་གོམས་གཤིས་བཟང་པོ་ཆགས་ནས་འདོ་མེད་ཀྱི་སྤྱོད་པ་རིམ་གྱིས་མེད་པ་བཟོ་ཐུབ་པ་ཡིན།
མདོར་ན་གོང་གསལ་དག་ལས་བཤད་པ་ལྟར་རྒྱ་ཆེའི་བྱིས་པ་རྣམས་ཆུང་དུས་ནས་བྱིས་གསོ་ཁང་དུ་འགྲོ་བའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་རྣམས་ཀྱིས་རང་གི་ལག་ཆ་ངོས་འཛིན་དང་དེ་སྔོག་འདོན་བྱེད་པ། དེ་བཞིན་ཡང་དག་པའི་གོམས་སྲོལ་བཟང་པོ་འཇགས་པ་བཅས་བྱེད་པའི་ཆེད་དུ་ཡིན་པས། རྒྱུན་པར་བྱིས་པའི་སློབ་ཁང་ནང་གི་སློབ་ཁྲིད་ཕུད་རོལ་རྩེད་དང་བྱེད་སྒོ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁོང་ཚོའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཁོང་ཚོའི་གོམས་གཤིས་དང་ཀུན་སྤྱོད་ཡང་དག་པའི་ཕྱོགས་སུ་སྐྱེད་སྲིང་བྱ་རྒྱུ་ནི་དོ་གལ་ཤིན་ཏུ་ཆེ་བ་ཡིན། དེ་ལྟར་བྱུང་ན་གཞི་ནས་བྱིས་པའི་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོར་འདེགས་ཡོང་ཐུབ་པས་དེས་བྱིས་པའི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། སློབ་གསོའི་ཁ་ཕྱོགས་ཡང་དག་པར་འཕེལ་རྒྱུར་ཡང་ནུས་པ་མི་དམན་པ་ཐོན་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10