དགེ་རྒན་ཞིག་ཡིན་ན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་གསོ་བ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།

བཀྲ་ཤིས་མགོན་པོ།    ཉག་རོང་རྫོང་གསེར་འོད་ཤང་སློབ་ཆུང་།    2019-01-16

   དགེ་རྒན་ཞིག་ལ་ཆ་མཚོན་ནས་བཤད་ན་ཡོན་ཏན་གྱི་ཆུ་ཚད་ཡག་པོ་ཞིག་ཡོད་པ་དགོས་གལ་ཆེ་ཡང་། བསམ་བློ་དང་ཀུན་སྤྱོད་ཡག་པོ་ཞིག་མེད་ན། ཡོན་ཏན་གྱི་ཆུ་ཚད་གཅིག་པུ་ཡོད་པ་ཙམ་གྱིས་དཔེ་བཟང་ཅན་གྱི་དགེ་རྒན་ཞིག་ཡོང་མི་ཐུབ་ལ། སློབ་མ་བཟང་པོ་ཞིག་དེ་བས་ཀྱང་གསོ་སྐྱོང་བྱེད་མི་ཐུབ། དེས་ན་ཡོན་ཏན་གྱི་ཆུ་ཚད་ཞན་ལ་བསམ་བློ་དང་ཀུན་སྤྱོད་ཀྱང་ལེགས་པོ་མེད་པའི་དགེ་རྒན་དེ་རིགས་ནི་དེང་རབས་སློབ་གསོའི་འགྲོས་དང་མི་མཐུན་ལ། རང་གཞན་གཉིས་ཕུང་གི་རྒྱུ་རུ་གྱུར་བས་སློབ་གསོའི་བྱ་གཞག་སྐྱོང་བཞིན་པའི་དགེ་རྒན་དག་གིས་ཐུགས་བསམ་རེ་གནང་དགོས་པའི་གནད་ཅིག་རེད་འདུག

   དེ་ཡང་དེང་དུས་ཀྱི་དགེ་རྒན་ལོ་ཉུང་ཁ་ཤས་ཤེས་ཡོན་ལ་སྦྱང་བརྩོན་བྱེད་རྒྱུར་ཐུགས་སྣང་ཆུང་བ་དང༌། དུས་ཚོད་མི་ཉུང་བ་ཞིག་རྣམ་གཡེང་དང་ལེ་ལོས་སྐྱེལ་བ་སྟེ། ཆང་རག་ལ་སྤྱོད་པ་དང་རྒྱན་པོ་འགྱེད་པ། ཕྲ་མ་དང་དབྱེན་སྦྱོར་ཀྱི་ངག་གིས་བློ་མཐུན་བར་ལ་འཁྲུག་རྩོད་སློང་བ། དུས་ཐོག་ཏུ་སློབ་ཁྲིད་མི་བྱེད་པ། གཙང་སྦྲ་ལ་དོ་སྣང་མི་བྱེད་པ་སོགས་གནད་དོན་དེ་དག་གིས་སློབ་མའི་ཡིད་ལ་བག་ཆགས་ངན་པ་བཞག་པ་དང་། དགེ་སློབ་བར་གྱི་བརྩེ་བ་མེད་པར་ཆགས་པའི་རྐྱེན་དུ་གྱུར་སྟབས་དགེ་རྒན་གྱི་རྒྱུ་ལ་ངེས་པར་དུ་སྤོང་དགོས་པའི་གནད་དོན་ཞིག་རེད།

   དང་པོ། དགེ་རྒན་ཞིག་ཡིན་ན་ཐོག་མར་སློབ་ཁྲིད་ཀྱི་ཟིན་བྲིས་དང་འཆར་གཞི་ཡག་པོ་ཞིག་འཇོག་རྒྱུ་ནི་རང་གི་ལས་འགན་གཙོ་བོ་ཞིག་སྟེ། སློབ་ཁྲིད་ཀྱི་ཚོགས་ཐེངས་སོ་སོར་མཐོང་སྣང་གལ་ཆེན་བྱས་ནས་སློབ་ཁྲིད་བྱེད་དགོས་པ་དང་། སློབ་ཁྲིད་མ་བྱས་པའི་གོང་དུ་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་དཔྱད་གཞིགས་བྱས་ནས་སློབ་གཞིའི་དཀའ་གནད་དང་གཙོ་གནད་དབྱེར་འབྱེད་བྱས་པ། སློབ་ཚན་གཙོ་ཕལ་དང་རྒྱས་བསྡུས་རན་པའི་སྒོ་ནས་གྲ་སྒྲིག་ལེགས་པོ་ཐུབ་པར་བྱེད་དགོས། སྤྱིར་སློབ་དེབ་ཚང་མ་ལ་དངོས་གཞིའི་སློབ་ཚན་དང༌། ཞོར་ལྟའི་སློབ་ཚན་གཉིས་སུ་ཕྱེ་ཡོད་པ་རེད། དངོས་གཞིའི་སློབ་ཚན་ཞེས་པ་དེ་ནི་དགེ་རྒན་གྱིས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་ནང་དོན་ལ་རྒྱས་འགྲེལ་དང་གསལ་བཤད་བྱེད་ཅིང༌། སློབ་མའི་རྒྱུད་ལ་གོ་དོན་ཕུན་ཚོགས་པོ་ཞིག་ཆགས་ཐུབ་ངེས་བྱེད་དགོས་རིགས་རྣམས་ལ་ཟེར། ཞོར་ལྟའི་སློབ་ཚན་ཞེས་པ་དེ་ནི་སློབ་མའི་ལྟ་ཀློག་གི་ནུས་པ་ཡར་རྒྱས་གཏོང་བྱེད་ཅིག་ཡིན་སྟབས། དགེ་རྒན་གྱིས་དངོས་སུ་སློབ་ཁྲིད་བྱེད་མི་དགོས་པར་སློབ་མ་རང་གིས་ཞོར་དུ་ལྟ་ཀློག་བྱེད་ཅིང་དེ་ལ་དོན་གོ་དཀའ་བ་རྣམས་དགེ་རྒན་ལ་ཟུར་དུ་བཀའ་འདྲི་ཞུས་ནས་སློབ་མའི་ཤེས་རྒྱ་དང༌། མཐོང་རྒྱ་ཆེ་རུ་གཏོང་བའི་ཐབས་ཤེས་ཤིག་རེད།

   སློབ་ཁྲིད་ཀྱི་རྩ་བའི་སྤྱི་དོན་དང་མཐུན་པའི་འཆར་གཞི་ཞིག་མེད་ན། སྦྱང་ཚན་དེའི་ནང་དོན་ཆ་ཚང་བ་ཞིག་སློབ་མའི་རྒྱུད་ལ་འབྱོངས་མི་ཐུབ་ཅིང་། སྐབས་འགར་གཟའ་འཁོར་རེའི་དུས་ཚོད་ནང་བསྒྲུབ་དགོས་པའི་སློབ་ཁྲིད་ཀྱི་ལས་འགན་དེ་དག་ཁྲིད་ཐེངས་རེ་གཉིས་ཙམ་གྱིས་རྫོགས་པར་བྱེད་པ་དང༌། ཡང་སྐབས་འགར་སྦྱང་ཚན་ཐུང་ངུ་རེར་ཡང་གཟའ་འཁོར་རེ་གཉིས་ཙམ་འགོར་ནས་ཁྲིད་པ་སོགས་བྱས་པ། སློབ་དུས་ཀྱི་མཇུག་ཏུ་སློབ་ཚན་གྱི་ནང་དོན་མང་པོ་ཞིག་ཁྲིད་རྒྱུ་ལུས་ནས་འཚབ་འཚུབ་ངང་སློབ་ཚན་གྱི་ནང་དོན་ལ་བསྡུས་འགྲེལ་ཙམ་གྱིས་མཇུག་བསྒྲིལ་དགོས་པ་བྱུང་བ་སོགས་སློབ་ཁྲིད་ཀྱི་མྱུར་ཚད་ལ་འཆར་གཞི་མེད་པའི་སྐྱོན་ཆ་དེ་དག་གིས་སློབ་མའི་སྦྱང་འབྲས་ལ་གནོད་པ་ཆེན་པོ་བྱེད་བཞིན་ཡོད་པས་དགེ་རྒན་གྱིས་སྐྱོན་ཆ་དེ་དག་ངེས་པར་དུ་སྤོང་དགོས་པ་ཞིག་རེད།

   གཉིས། སློབ་ཁྲིད་ཀྱི་ཐབས་ཤེས་ལ་དོ་སྣང་བྱེས་དགོས་པ་སྟེ།སློབ་མའི་ཡོན་ཚད་དང་མི་བསྟུན་པར་དགེ་རྒན་རང་གིས་གང་ཤེས་པ་དེ་གླུ་བརྒྱ་ངག་གཅིག་གི་དཔེ་ལྟར་དུས་དང་རྣམ་པ་ཀུན་ཏུ་ཐབས་ཤེས་གཅིག་ཁོ་ན་སྤྱད་དེ་སློབ་ཁྲིད་བྱེད་པ་དེ་ནི་ཚན་རིག་དང་མཐུན་པའི་སློབ་ཁྲིད་ཀྱིཐབས་ཤེས་ཤིག་མིན། དཔེར་ན་དགེ་རྒན་འགའ་ཞིག་རང་ཉིད་ལ་ཡོན་ཏན་གྱི་གཏིང་ཚད་རིང་པོ་ཡོད་པའི་དབང་གིས་སློབ་གྲྭ་ཆུང་འབྲིང་དེ་དག་ལ་སློབ་ཁྲིད་བྱེད་པའི་སྐབས་སུ། ཁོ་ཚོའི་བློ་ཚོད་དང་མི་བསྟུན་པ་སློབ་ཚན་གྱི་ནང་དོན་ལ་རྒྱས་བཤད་དང་འགྲེལ་ལ་བྱས་པ་ཡིན་ན། སློབ་མའི་རྒྱུད་ལ་ཡོན་ཏན་འབྱུང་བར་ལྟར་ཅི། དེ་ལས་ལྡོག་ཏེ་སློབ་ཚན་ལ་སྦྱོང་འདོད་མེད་པ་དང༌། ཡོན་ཏན་སྦྱོང་རྒྱུ་ལ་སུན་སྣང་སྐྱེ་བ་སོགས་བསམ་བློ་ལ་གནོད་པ་འབྱུང་བ་མ་ཟད། སྦྱོང་ཚད་དངོས་ཀྱི་དུས་ཚོད་ཀྱང་ཆུད་ཟོས་སུ་གྱུར་པའི་རྐྱེན་བྱེད་ཀྱི་ཡོད་པ་རེད། ན་ཚོད་དང་ཤེས་རིག་གང་ཅིའི་ཐད་ནས་ཅུང་ཟད་ཡར་རྒྱས་ཐོབ་པའི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་པའི་སྐབས་སུ། སློབ་གྲྭ་ཆུང་བའི་སློབ་མ་ལ་སློབ་ཁྲིད་བྱེད་པ་བཞིན་དུ་ཡི་གེ་རེ་རེ་བཞིན་དང༌། ཐ་སྙད་རེ་རེ་བཞིན་དུ་འགྲེལ་བཤད་བྱེད་པ་ལས། སློབ་ཚན་གྱི་སྤྱི་དོན་དང༌། སྙིང་པོའི་གནད། དགོངས་པའི་མཐིལ་སོགས་གསལ་བཤད་བྱེད་མི་ཤེས་པ་དང་མི་ནུས་པ་དེ་རིགས་ནི་ཕ་མགོ་བུས་གཡོག་དང༌། བུའི་མགོ་དགྲས་གཡོག་གི་དཔེ་ལྟར་དགེ་རྒན་རང་ཉིད་ཀྱི་ལས་ཁྲལ་འཇལ་བ་ཙམ་ལས་སློབ་མ་ལ་ཕན་ཐོགས་པ་ལྟ་ཞོག་དུས་ཚོད་ཆུད་ཟོས་སུ་འགྲོ་བའི་རྐྱེན་ངན་དུ་གྱུར་པ་རེད། དེར་བརྟེན་དགེ་རྒན་རྣམས་ཀྱིས་སློབ་ཚན་ཁྲིད་སྐབས། འགྲེལ་བཤད་ཁ་གསལ་ལ་གོ་བདེ་བ། ནང་དོན་གཙོ་ཕལ་དབྱེ་ཐུབ་པ། བཀའ་མོལ་ཚིག་བསྡུས་ལ་གནད་འཁེལ་བ། སློབ་མ་རྣམས་ཀྱི་རྣ་བའི་དབང་བོ་རང་དབང་མེད་པར་འགུགས་ནུས་པའི་གསལ་བཤད་རེ་གནང་ཐུབ་པ་ཡིན་ན། ད་གཟོད་སློབ་ཁྲིད་ཀྱི་ཕན་འབྲས་བཟང་བོར་ཐོན་ཐུབ།

   གསུམ། སློབ་གསོ་བྱེད་སྟངས་ཀྱི་ཐད་ལ་དོ་སྣང་བྱེད་དགོས་པ་སྟེ། ང་ཚོས་སློབ་མར་སློབ་གསོ་བྱེད་པའི་སྐབས་སུ་ཐབས་ཤེས་མང་པོ་ཞིག་བཏོན་ནས་སློབ་མའི་བསམ་བློ་ལ་འགྱུར་ལྡོག་འགྲོ་ཐུབ་པའི་བསླབ་བྱ་གནང་བ་བརྒྱུད་ཁོ་ཚོའི་བསམ་པ་དེ་དྲང་ཕྱོགས་སུ་བསྐྱོད་ཐུབ་པའི་ཐབས་ལ་བརྩོན་དགོས། དགེ་རྒན་ཞེས་པ་དེ་ནི་བསམ་བློ་དང་ཀུན་སྤྱོད་ཡག་པོ་མེད་པའི་མི་དེ་དག་ཡག་ཕྱོགས་སུ་བསྒྱུར་བའི་ཁ་ལོ་བ་ཞིག་ཡིན་པ་ལས། མི་ལ་མགོ་བརྡུང་དང་གནོད་པ་བྱེད་མཁན་ཞིག་མིན། རྒྱུ་མཚན་ལྡན་པའི་སྒོ་ནས་སློབ་མའི་ཡིད་ལ་འཐད་པའི་སློབ་གསོ་མ་གནང་ན་དགེ་སློབ་བར་ལ་ཞེ་འགྲེས་བའི་རྐྱེན་དུ་འགྱུར་བ་དང༌། དགེ་རྒན་གྱིས་སློབ་མ་ལ་རེ་བ་ཆེན་པོའི་ངང་ནན་ཏན་གྱིས་སློབ་གསོ་བྱེད་དགོས་ཤིང༌། གཙོ་བོར་སློབ་ཕྲུག་གི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ལ་སྐྱོན་ཆ་ཐོན་སྐབས་སློབ་མ་ལ་ཡིན་ལུགས་ཀྱི་བསླབ་བྱ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་གནང་སྟེ། ཁོ་ཚོའི་སྐྱོན་ཆ་བསལ་ཐབས་བྱེད་དགོས་པ་དང༌། མི་བཟང་སྤྱོད་བཟང་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་བྱེད་དགོས། གཤེ་གཤེ་དང་ཚིག་རྩུབ་ཀྱིས་སློབ་མའི་སྐྱོན་ཆ་འཕྲལ་དང་གནས་སྐབས་གནོན་ཐུབ་པ་ཞིག་བྱུང་ན་ཡང༌། མཐར་གཏུགས་ན་སྐྱོན་གྱི་རྩ་བ་ཆོད་ཐུབ་པ་ཞིག་ཡོང་དཀའ། དེར་བརྟེན་དགེ་རྒན་ཞིག་ཡིན་ན་སློབ་མའི་ལོ་ན་དང༌། བསམ་པའི་ཁྱད་ཆོས་སོགས་དང་བསྟུན་ནས་སློབ་གསོ་རིག་པ་དང་མཐུན་པའི་བསླབ་བྱ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་རྒྱན་རིས་ཀྱི་ཁྱད་ཆོས་དང་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:ཇི་ལྟར་བྱས་ནས་བྱིས་གསོ་ཁང་གི་བྱིས་པ་ཆུང་ངུར་གོམས་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།