བས་མཐའི་རིག་གནས་ཀྱིས་ཨ་ལེའི་བརྩམས་ཆོས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

བཅོ་ལྔ་སྒྲོལ་མ།        2019-05-13

    ཨ་ལེའི་བརྩམས་ཆོས་ཀྱི་རྩོམ་བྱང་དང་བསམ་བློ། བརྩམས་ཆོས་སུ་བཀོལ་བའི་ཡི་གེ་དང་སྐད་བརྡ་བཅས་ལ་བས་མཐའི་རིག་གནས་ཀྱི་དྲི་མས་ཡོངས་སུ་ཁྱབ་ཡོད་པས་བས་མཐའི་རིག་གནས་ཀྱི་རྒྱབ་ལྗོངས་ནི་ཨ་ལེ་རྩོམ་རིག་བརྩམས་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་སྣང་། བས་མཐའི་རིག་གནས་ནི་གཙོ་རྒྱུག(主流)རིག་གནས་ཤིག་མ་ཡིན་པ་དེ་ནི་ཕྱོགས་རེ་བའི་རིག་གནས་ཤིག་མོད། འོན་ཏེ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བཞིན་པའི་དེང་གི་དུས་འདིར་སྣ་མང་རིག་གནས་ཀྱི་དགོས་མཁོའི་བསམ་པ་ཇེ་དྲག་ནས་ཇེ་དྲག་ཡིན་པས་བས་མཐའི་རིག་གནས་ལ་ཡང་ཞིབ་འཇུག་དང་མཐོང་ཆེན་བྱེད་ཀྱིན་ཡོད། བས་མཐའི་རྩོམ་རིག་བརྩམས་ཆོས་ཀྱི་ཚོང་ར་ཡང་ཁྱབ་རྒྱ་ཇེ་ཆེ་ཡིན་ལ་སྤྱི་ཚོགས་སུ་ཉིན་རེ་ནས་ཉིན་རེ་བཞིན་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད། བས་མཐའི་རིག་གནས་ཀྱི་རྩོམ་པ་པོ་ཨ་ལེ་ཁོ་རང་ལ་མཚོན་ན། དོ་ཁུར་བྱ་ཡུལ་ནི་མི་རིགས་དང་ཁྱིམ་རྒྱུད། རུ་སྡེ་བཅས་ཀྱི་ལོ་རྒྱུས་དང་གཞན་གྱིས་དོ་སྣང་མི་བྱེད་པའི་བས་མཐའི་མི། དེ་ལས་གཞན་ད་དུང་སྤྱིར་བཏང་གི་མི་དང་ནུས་ཞན་ཚོགས་པ་བཅས་ཡིན། ཨ་ལེ་ལ་སྐད་རིགས་གཞན་པའི་འཚོ་བའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པས། ཁོང་གིས་རྒྱ་ཡིག་གི་ལམ་ནས་རྒྱ་བོད་གཉིས་ཀྱི་མཐའ་མཚམས་ཏེ། རྒྱལ་མོ་ཚ་བ་རོང་དུ་ལོ་སུམ་ཅུའི་རིང་ལ་འཚོ་བ་རོལ་བའི་རིག་གནས་ཀྱི་མྱོང་བ་ཞིབ་འབྲི་བྱས་ཡོད། དེ་ལས་ཁོའི་སྙན་ངག་གི་བྲོ་བ་དང་དཔོག་པ་དཀའ་བའི་རྩོམ་སྟངས་བཅས་ནི་མི་ཀུན་གྱིས་རྗེས་སུ་ཡི་རང་བྱེད་པ་ནི་སྨོས་མ་དགོས་མོད། འོན་ཀྱང་འཛད་མེད་ཀྱི་ཆུ་རྒྱུན་ལ་འགྲན་པའི་བས་མཐའི་རིག་གནས་ཀྱི་རྒྱབ་ལྗོངས་ནི་ད་གཟོད་ཨ་ལེའི་རྩོམ་རིག་གསར་རྩོམ་གྱི་མགོ་ཁུངས་ལྟ་བུ་སྣང་ཞིང་། འདི་འདྲའི་ཁོར་ཡུག་འོག་ད་གཟོད་ཁོང་གིས《ཐལ་འཚུབ་འཇགས་པ།》《སྟོང་རི》《ལྷ་སྒྲུང་ཁྲོད་ཀྱི་གེ་སར་རྒྱལ་པོ》སོགས་བརྩམས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ། རྩོམ་ཡིག་འདིར་ཨ་ལེའི་རྩོམ་རིག་བརྩམས་ཆོས་སུ་བས་མཐའི་རིག་གནས་རྒྱབ་ལྗོངས་མངོན་པར་མཚོན་པར་ཞིབ་འཇུག་བྱས་ཏེ་བས་མཐའི་རིག་གནས་རྒྱབ་ལྗོངས་ཀྱིས་ཨ་ལེའི་རྩོམ་རིག་བརྩམས་ཆོས་ལ་ཤུགས་རྐྱེན་ཐེབས་ཚུལ་བྲིས་ཡོད།

    གཅིག བས་མཐའ་རིག་གནས་སྤྱི་བཤད་པ།

    བས་མཐའ་ཞེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་བགྱིས་ན་ཧ་ལམ་ནང་དོན་གསུམ་ཡོད་དེ། གཅིག་ནི་དཀྱིལ་འཁོར་དང་བར་ཐག་རིང་བོའི་ཁག་དེ་ལ་གོ། གཉིས་ནི་མ་ལག་ཅན་གྱི་མཐའ་མཚམས་ཉེ་འདབས་ལ་གོ། གསུམ་ནི་མ་ལག་བར་དུ་ཕན་ཚུན་བསྣོལ་ནས་ཆགས་པའི་སྣང་ཚུལ་དེ་ལ་གོ། རིག་གནས་ཐོབ་ཐང་དེ་ཡང་རིག་གནས་ངོས་འཛིན་ཏུ་བསྒྱུར་བའང་ཡོད་ལ། དེ་ནི་གཏན་ལ་ཕབ་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོས་རང་ཉིད་ཀྱི་རིག་གནས་ཁོངས་གཏོགས་དང་རིག་གནས་ཀྱི་ངོ་བོའི་ཁྱད་ཆོས་ལ་ཁས་ལེན་པ་རེད། བས་མཐའ་རིག་གནས་ནི་རྒྱུ་མང་རིག་གནས་དང་མཉམ་འདུས་རིག་གནས་ཀྱིས་ཞིབ་འཇུག་བྱེད་པའི་ཞིབ་འཇུག་ཁྱབ་ཁོངས་གསར་བ་ཡིན་ཞིང་། མ་ལག་སྨྲ་བའི་ཕྱོགས་ནས་བལྟས་ན། བས་མཐའ་རིག་གནས་ནི་རིག་གནས་སྣ་ཚོགས་ཧ་ཅང་སླ་བའི་ངང་ཕན་ཚུན་བསྣན་པ་མ་ཡིན་ལ། དེ་ནི་རིག་གནས་གསར་བ་ཞིག་གི་ཕྱོགས་བསྡུས་ཐབས་ཤེས་དང་རིག་གནས་མ་ལག་གསར་ཞིག་རེད། རྒྱུན་དུ་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་བས་མཐའི་གོ་དོན་གཙོ་བོ་ནི་དཀྱིས་འཁོར་དང་ཐག་རིང་ལ་མཐའ་འཁོར་ས་ཁུལ་དུ་གནས་པའི་སྣང་ཚུལ་དེ་ལ་གོ་བ་བླངས། ད་དུང་ཉམ་ཐག་པ་དང་རྗེས་ལུས་བཅས་ཀྱི་གོ་དོན་ཡང་ཡོད།

    བོད་ཀྱི་རིག་གནས་དང་ལྷག་པར་རྒྱལ་མོ་ཚ་བ་རོང་གི་རིག་གནས་ཀྱི་སྣ་འཛོམས་རང་བཞིན་དེ་གཞན་དང་བསྡུར་ན་ཕྱོགས་མང་ཞིང་དངོས་གསལ་ཡིན། གཞུང་ལུགས་ཐད་འདི་འདྲ་དམིགས་བསལ་རིག་གནས་སྣང་ཚུལ་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད། ཕྱོགས་གཅིག་ནས་ས་ཁོངས་ཀྱི་སྣ་འཛོམས་རང་བཞིན་ཏེ་རྒྱལ་མོ་ཚ་བ་རོང་གི་འཚོ་བ་སྡོད་གནས་ཁོར་ཡུག་ནི་བས་མཐའ་ས་ཁུལ་ཡིན་ཞིང་། ལོ་རྒྱུས་ཁྲོད་རིག་གནས་ཟུར་བཀར་གྱི་ཁྱད་ཆོས་ལྡན་ལ། རིགས་སོ་སོའི་བར་ས་ཁོངས་དང་སྐད་རིགས་རིག་གནས། ཆོས་ལུགས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་གྲུབ་པའི་མཉམ་འདྲེས་རང་བཞིན་ཡོད། ཕྱོགས་གཉིས་ནས་རིག་གནས་འཕེལ་རྒྱས་རྗེས་ལུས་ཡིན་པ། ཕྱོགས་གསུམ་ནས་གཏམ་བཤད་དབང་ཆའི་སྣ་ཚོགས་རང་བཞིན་ཏེ་བོད་ཀྱི་རིག་གནས་བས་མཐའ་ཞེས་པའི་ཐ་སྙད་འདི་དམིགས་བསལ་གྱི་མ་ལག་གཉིས་ཡན་ཆད་བསྣོལ་བའི་ས་ན་གནས་པའི་ཚུལ་དེ་ལ་ཟེར། འོན་ཀྱང། ཨ་ལེའི་བརྩམས་ཆོས་ཀྱི་ལྟག་རྒྱབ་ཀྱི་རིག་གནས་དེ་ཡང་ཁྲག་རྒྱུན་དང་སྐད་རིགས། མི་རིགས་བཅས་བསྣོལ་བའི་གནས་ཚུལ་འོག་བྱུང་བ་ཡིན་པས་ཨ་ལེ་ཡི་རིག་གནས་ཐོབ་ཐང་ལ་མཐའ་མཚམས་ཅན་གྱི་ཁྱད་ཆོས་ལྡན།

    གཉིས། བས་མཐའི་རིག་གནས་ཀྱིས་ཨ་ལེའི་བརྩམས་ཆོས་ལ་ཐེབས་པའི་ཤུགས་རྐྱེན།

    དང་པོ། བས་མཐའི་རིག་གནས་གྱི་ཤུགས་རྐྱེན།

    རྒྱ་ཡིག་རྩོམ་ཡིག་འབྲི་བའི་བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན། ཨ་ལེའི་བརྩམས་སྒྲུང་གི་བརྗོད་བྱ་མང་ཆེ་བ་བོད་ཡུལ་ཡིན། བརྩམས་ཆོས་ཁྲོད་བོད་མའི་འཚོ་བ་དངོས་དང་འཚོ་གནས་རྣམ་པ་སྟོན་ཡོད་དེ། བོད་མའི་མཁྱེན་རྒྱ་ཡངས་པའི་དམངས་ཁྲོད་རིག་གནས་ཀྱིས་ཨ་ལའི་རྩོམ་འབྲི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། བོད་ཀྱི་རྩོམ་རིག་ཏུ་ཡོད་པའི་མི་ལ་ཐུགས་ཁུར་ཟབ་མོ་དང་འཚོ་བ་ལ་བརྩི་བཀུར། མི་གཤིས་སོགས་ཀྱང་ཨ་ལེ་ཡི་བརྩམས་ཆོས་དུ་མངོན་ཡོད། ཁོང་གི་བརྩམས་སྒྲུང་དུ་བོད་ཀྱི་དམངས་སྲོལ་དང་ལྷ་སྒྲུང་མང་པོ་ངོ་སྤྲོད་བྱས་ཡོད།《ཐལ་འཚུབ་འཇགས་པ》ཡི་ལེའུ་དང་པོའི་ས་བཅད་གསུམ་པའི་ནང། རུས་པ་དང་དུས་རབས་དེའི་རིམ་པ་བགོ་སྟངས་ངོ་སྤྲོད་བྱས་ཡོད། གཡོག་པའི་བྱིས་པ་དང་ངེད་གཉིས་ཀྱིས་ཁུ་བྱུག་གི་ཤ་སྲེག་ནས་ཟ་དུས། ཨ་མས་ང་ལ།“ཁྱོད་ལ་ཡོད་པ་ནི་ཐ་ཤལ་གྱི་རུས་པ་མིན”ཞེས་གཤེ་གཤེ་གནང་། འདི་ལས་“རུས་པ”ནི་ཐ་སྙད་གལ་ཆེན་ཞིག་ཡིན། དེ་དང་འདྲ་བ་ནི་རྩ་བ་ཡིན། རྩ་བ་ནི་སྤྱིར་བཏང་གི་ཐ་སྙད་ཅིག་ཡིན། རུས་པ་ནི་དམིགས་བསལ་གྱི་ཐ་སྙད་ཅིག་ཡིན། འཇིག་རྟེན་ནི་འབྱུང་བ་བཞིས་གྲུབ་པ་དང་མི་ནི་རུས་པས་གྲུབ་པ་ཡིན། དམངས་སྲོལ་གྱི་ངོ་སྤྲོད་ནི《ཐལ་འཚུབ་འཇགས་པ》ཡི་ལེའུ་དང་པོའི་ས་བཅད་གསུམ་པའི་ནང་དུ་བོད་ཀྱི་འཇིག་རྟེན་གྲུབ་ཚུལ་གྱི་ལྷ་སྒྲུང་ངོ་སྤྲོད་བྱས་ཡོད། ས་བཅད་བཞི་བའི་ནང་དུ་ས་བདག་དུས་རབས་སུ་མི་ལ་ཁྲིམས་གཅོད་བྱས་ཚུལ་ངོ་སྤྲོད་བྱས་ཡོད། ལེའུ་གསུམ་པའི་ས་བཅད་བརྒྱད་པའི་ནང་དུ་བོད་མི་མདོག་དཀར་བོ་ལ་མོས་པ་ངོ་སྤྲོད་བྱས་ཡོད། ས་བཅད་བཅུ་གཅིག་པའི་ནང་དུ་ཡང་མདོག་དཀར་བོའི་ངག་རྒྱུན་གླེང་ཡོད། ལེའུ་དྲུག་པའི་ས་བཅད་ཉེར་བཞིའི་ནང་དུ་ལྷ་གཞོན་པ་ས་བདག་ཚང་གི་ཁྱིམ་རྒྱུད་ངོ་སྤྲོང་བྱས་ཡོད། ལེའུ་ཉེར་ལྔའི་ནང་དུ་རོང་ཡོན་ས་བདག་ཚང་གི་ཁྱིམ་རྒྱུད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཨ་ལེ་ཡི་སྙན་རྩོམ་དེ་སྙན་ངག་པ་གཞན་པའི་སྙན་རྩོམ་དང་བསྡུར་ན། ཁོང་གི་སྙན་རྩོམ་ལ་ཞིབ་གསལ་གཏིང་ཟབ་དང་ལྷག་བསམ་རྣམ་དག་གི་ཕྱིར་སློག་རང་བཞིན་ཡོད། ཁོང་གི་སྐད་ཆ་དང་ལས་སྤྱོད་སྟེང་ནས་བོད་ཀྱི་ཕྱག་འཚལ་བའི་སྲོལ་དེ་དྲན་བར་བྱ་སྟེ། རང་ཉིད་ཀྱི་ལུས་པོ་དང་རྣམ་ཤེས་ཀྱི་ཆེས་ཐ་མའི་ངལ་གསོ་ཡུལ་ཞིག་སྟེ། ལུས་པོ་དང་སྐད་ཆ། སེམས་པ་གསུམ་མཉམ་དུ་འདྲེས་ནས་དད་པ་དང་བཀའ་དྲིན་ཡིད་ལ་བཟུང་ནས་ཐོད་པ་ས་ལ་ཐུག་ཅིང་འགུལ་སྟངས་གཅིག་འདྲ་སྒོས་མདུན་ནས་མདུན་དུ་བསྐྱོད་དེ་རང་གི་སེམས་ཁོང་གི་གནས་དེར་བགྲོད་པ་རེད། ཨ་ལེ་ཡི་བྱ་སྤྱོད་དང་སྐད་ཆ་འདི་དག་ལས་ང་ཚོས་ཁོང་གི་སྙན་རྩོམ་དང་བརྩམས་སྒྲུང་ཤེས་པ་དང་ཀློག་འདོན་བྱས་པར་བརྒྱུད། འབྱིད་ཐབས་མེད་པའི་ཕ་སྐད་དང་རྒྱའི་རིག་གནས་ཀྱི་རྟགས་ཟབ་མོ་དེ་ངོས་ཟིན་བྱུང་།

    གཉིས་པ། བས་མཐའི་རིག་གནས་ཀྱི་ཕན་ནུས།

    ཨ་ལེ་ལ་མཚོན་ན་ཆུང་དུས་ནས་འཚོ་བའི་དཀའ་ངལ་མང་པོ་མྱོང་ཟིན་པས། ཁོང་གི་བརྩམས་སྒྲུང་འབྲིང་ཐུང་ལས་ཁྱིམ་རྒྱུད་ཀྱི་ཚོ་བའི་ལོ་རྒྱུས་ཅུང་ཟབ་མོ་མངོན་ཡོད་པ་དཔེར་ན།《ལོ་རྙིང་གི་ཁྲག་རྗེས》ལྟ་བུ། ལོ་རྒྱུས་ཁྲོད་ཉམས་པའམ་དོ་སྣང་མ་བྱས་པའི་བས་མཐའི་མི་དང་མི་སྤྱིར་བཏང་བ། ཉམ་ཆུང་ཚོགས་མིའི་ཕུགས་བསམ་གྱི་བློ་རིག་མངོན་ཡོད་པ་དཔེར་ན《ཟླ་འོད་ནང་གི་དངུལ་མགར》དང་《སྲོག་ཆད་གཅོད་པའི་ཨ་ཡེ》《སྐལ་ལྷ་ན་སོན་པ》ད་དུང་《ཐལ་འཚུབ་འཇགས་པ》ནང་གི་གླེན་པའི་སྣང་བརྙན་སོགས་ལྟ་བུ། དེབ་འདི་བཀླགས་པར་བརྒྱུད་ནས་རྒྱུན་པར“གླེན་པ”ཡིན་ནམ། གླེན་པའི་མཚན་ཉིད་ནི་ཇི་ལྟར་ཐོབ་པ་ཡིན། རྒྱུ་ནོར་དང་དབང་ཆའི་ཆེད་དུ་རྒྱུན་མི་ཆད་པར་འཚོལ་སྙེག་དང་ཐབས་ངན་མི་སྤྱོད་དགུ་སྤྱོད་ཀྱི་མི་དེ་དག་ནི་སྤྱང་གྲུང་འཛོམ་པའི་མི་ཡིན་ནམ། ཅི་ཡང་མི་ཤེས་པ་ལ་གཡོ་མེད་ཟོལ་མེད་ཀྱི་མི་དེ་དག་ནི་གླེན་པ་ཡིན་ནམ་སོགས་ལ་འདང་གང་མང་བརྒྱབ་ཡོད།

    ཨ་ལེ་ཆུང་དུས་ནས་བོད་ཡིག་དང་རྒྱ་ཡིག་གི་སྐད་གཉིས་ཁོར་ཡུག་ནང་ནར་སོན། སློབ་གྲྭར་ཞུགས་དུས་རྒྱ་ཡིག་ཁོ་ན་བསླབ་པ་དང་རྒྱུན་ལྡན་འཚོ་བའི་ཁྲོད་སློབ་གྲོགས་དང་ཁྱིམ་མི་ལ་བོད་སྐད་བཤད་བཞིན་ཡོད། ཁོང་གིས་སྐད་རིགས་འདི་གཉིས་ཀྱིས་ང་རང་རྩོམ་ལ་འཇུག་པར་མོས་པ་སྐྱེད་པ་དང་རང་ཉིད་རྒྱ་ཡིག་བྲིས་པའི་བོད་ཀྱི་རྩོམ་པ་པོ་ཞིག་ཏུ་གྱུར། བོད་ཡིག་དང་རྒྱ་ཡིག་གི་ལེགས་པའི་ཆ་བསྡུ་ལེན་བྱས་ནས་རང་ཉིད་མུ་མཐུད་དུ་རྩོམ་ལ་འཇུག་པའི་འབྱུང་ཁུངས་ཞིག་ཏུ་གྱུར། བོད་ཡིག་དང་རྒྱ་ཡིག་གི་བསམ་བློའི་གོམས་སྲོལ་དང་མངོན་ཚུལ་ཐོག་ཁྱད་པར་ཆེན་པོ་ཡོད། ཁྱད་པར་འདི་འདྲའི་གནད་དོན་འགའ་དང་ཕྲད་དུས་མི་ལ་དོགས་སྣང་སྐྱེ་བར་འཇུག་ཅེས་བཤད། འདི་འདྲའི་འོག་ཨ་ལེ་ཡིས་མི་སྣ་ཞིབ་འབྲི་བྱ་དུས་མི་སྣ་དེ་རིག་གནས་དང་སྐད་རིགས་གཉིས་ཀྱི་འཚོ་བའི་ཁོར་ཡུག་ཁྲོད་དུ་གནས་པ་རེད། དཔེར་ན།《ཐལ་འཚུབ་འཇགས་པ》ནང་གི་གླེན་པས་རྒྱ་ཡུལ་ནས་ཇ་དང་དར་གོས་། ཚྭ་འདྲེན་པའི་རྒྱུ་མཚན་མི་ཤེས་པའོ།། བོད་ཡིག་མི་ཤེས་པ་དང་བོད་ཀྱི་དཔེ་ཆ་ལ་འབྲེལ་འདྲེས་མ་བྱས་རྐྱེན། ཨ་ལེ་ཡིས་བོད་ཀྱི་དམངས་ཁྲོད་ལྷ་སྒྲུང་ཚོ་བ་དང་ཁྱིམ་རྒྱུད་ཀྱི་ངག་རྒྱུན། མི་སྣའི་གཏམ་རྒྱུད་དང་གཏམ་དཔེ་ལས་རྒྱུ་ཆ་འཚོལ་སྡུད་བྱས། མང་ཚོགས་ཀྱི་ཁ་རྒྱུན་གཏམ་རྒྱུད་ཁྲོད་བོད་རིགས་ཀྱི་གདོད་མའི་བསམ་བློ་དང་མཛེས་དཔྱོད་ཁྱད་ཆོས། འཇིག་རྟེན་ལྟ་ཚུལ་སོགས་འདུས་པ་འདི་དག་ཨ་ལེ་ཡི་བརྩམས་སྒྲུང་གི་མི་སྣའི་སྣང་བརྙན་ཐོག་གསལ་བོའི་མངོན་ཡོད། དཔེར་ན《ཨ་ཁུ་སྟོན་པ》ནང་གི་ཨ་ཁུ་སྟོན་པ་ལྟ་བུའོ།།

  • ལེ་ཚན་སྔོན་མ།:ཇི་ལྟར་བྱས་ནས་བྱིས་གསོ་ཁང་གི་བྱིས་པ་ཆུང་ངུར་གོམས་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱ་དགོས།
  • ལེ་ཚན་རྗེས་མ།:༄༅།། ལོ་ཙཱའི་གཞུང་ལུགས་གསར་འགྲེལ།
  • དོ་སྣང་ཆེ་བའི་རྩོམ།