རྟོགས་སད་ཀྱི་རྒྱང་འབོད་རིང་མོ་ཞིག

དོན་གྲུབ་ཚེ་རིང་།    ༢༠༠༧ལོའི་སྦྲང་ཆར་དེབ་དང་པོ་ལས་བདམས།    2012-12-10

རྟོགས་སད་ཀྱི་རྒྱང་འབོད་རིང་མོ་ཞིག

༼གནའ་བོའི་ཅོང་རྙིང་༽བཀླགས་རྗེས་ཀྱི་འཆར་སྒོ།
    
            ལོ་ངོ་ཉི་ཤུའི་རྡོག་སྒྲ།
དཔའ་རྩེ་ལགས་ཀྱིས་བརྩམས་པའི་༼གནའ་བོའི་ཅོང་རྙིང་༽དེ་ཐོག་མར་༡༩༨༧ལོའི་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དེབ་དང་པོའི་ཐོག་བཀོད། སྔ་རྗེས་སུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༩ལོར་བསྐྲུན་པའི་༼སྙན་ཚིག་བུང་བའི་དགའ་ཚལ༽དེབ་དང་པོ་ཞེས་པ་དང་། འགྱུར་མེད་ལགས་ཀྱིས་གཙོ་སྒྲིག་མཛད་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༣ལོར་བསྐྲུན་པའི་༼བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས༽ལས་༼ལང་ཚོའི་རྦབ་ཆུ༽ཞེས་པ་དང་། བདུད་ལྷ་རྒྱལ་གྱིས་སྒྲིག་གཙོ་མཛད་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༨ལོར་བསྐྲུན་པའི་༼བོད་རྩོམ་གསར་པ་བདམས་བཀོད་དང་དེ་དག་གི་བཤད་པ༽ཞེས་པ་དང། ༢༠༠༡ལོར་བསྒྲིགས་པའི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་ལྔ་པ། ཚེ་གྲུབ་ཀྱིས་བརྩམས་ཞིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ལོར་བསྐྲུན་པའི༼ སོ་ལྟ་དང་གཟབ་ཉན༽སོགས་སུ་རིམ་བཞིན་བདམས་བཀོད་གནང་འདུག
རང་མོས་འགྲོས་ཀྱི་སྙན་ངག་གསར་བ་དེ་སྤེལ་ནས་ལོ་ངོ་ཉི་ཤུ་ཟིན་གྲབས་ཡོད་པ་དང་། བརྒྱུད་རིམ་དེ་ཙམ་གྱིས་ཀྱང་སྙན་ངག་གསར་བ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་སྙན་ངག་སྟེགས་བུ་རུ་གོ་ས་གང་འདྲ་ཞིག་ཟིན་ཡོད་པ་གསལ་བཤད་བྱས་ཡོད་ལ། དུས་རབས་ཀྱི་ཉམས་འགྱུར་དང་འགན་འཁུར་གྱི་འདུ་ཤེས་གསལ་ཞིང་། ཡིད་འགྱུར་དང་བརྩེ་དུངས་ཀྱི་གཏམ་པ། སྒྲིག་གཞི་ཐུང་ཡང་བརྗོད་བྱའི་ཁམས་ཡངས་པ། བསྡུས་བརྗོད་ཀྱི་ལམ་ནས་སྤྱི་ཚོགས་ཀྱི་གནད་དོན་འབྱིན་པའི་དགེ་མཚན་དེ་དག་གིས་བོད་ཀྱི་ས་ཁུལ་སོ་སོར་སྒུལ་སྐྱོམ་ཕྲ་མོ་དང་ཤུགས་རྐྱེན་ཕྲན་བུ་ར་བཏང་ནས་གཏོང་བཞིན་པའང་གོ་རུ་བཅུག་ཡོད། གཤམ་དུ་སྙན་ངག་དེའི་ཁྱད་ཆོས་འགའ་ཞིག་ཟུར་དུ་བཏོད་ནས་གླེང་བར་བྱའོ། །
   སྙན་ངག་གི་མཛེས་རྟོག་ཡིད་བརྙན།
  སྙན་ངག་གི་ཡིད་བརྙན་༼意象༽ནི་སྙན་ངག་གི་ཁམས་སམ་ཡིད་ཡུལ་༼意境༽འགྲུབ་བྱེད་ཀྱི་ཆེས་ཆུང་བའི་སྒྱུ་རྩལ་གྱི་ཚན་པ་ཞིག་ཡིན་ལ། དྲང་བོར་བརྗོད་པའི་ཡིད་བརྙན་ཡིན་ན་འདྲ། འཁྱོག་པོར་བརྗོད་པའི་ཡིད་བརྙན་ཡིན་ནའང་འདྲ། སྙན་ངག་མཁན་མང་པོ་ཞིག་གིས་བློ་གཤོག་ཆེན་པོ་དང་ངོ་མཚར་བའི་ཀུན་རྟོག་ལ་བརྟེན་ནས། དེ་དག་ཚང་མ་དམིགས་བསལ་དང་ལྡན་པའི་སྙན་ངག་གི་ཁམས་སུ་སྡུད་པའི་ཅི་ཐུབ་ལ་འབད་ཀྱིན་འདུག   བློ་གཤོག་ཆེན་པོ་དང་ངོ་མཚར་བའི་ཀུན་རྟོག་གི་སྣེ་ཁྲིད་འོག་ཏུ། སྙན་ངག་ཡིད་བརྙན་གྱི་ཚོགས་པ་དེ་ནི་སྒྲུང་གཏམ་ལྟར་རྒྱུ་དང་འབྲས་བུའི་འབྲེལ་བ་མངོན་པའི་མུ་བསྟར་མཐར་ཆགས་ཀྱི་རང་བཞིན་ཅན་ཞིག་ཡིན་དགོས་དོན་མེད་ལ། ཡང་ན་ལྷུག་རྩོམ་ལྟར་རྩོམ་མཁན་གྱི་རང་གཤིས་གསལ་ཞིང་རྣམ་པ་ཐོར་ལ་སྙིང་བོ་དྲིལ་བའི་རང་བཞིན་ཅན་ཞིག་ཀྱང་ཡིན་མི་དགོས་པར། རྩོམ་མཁན་གྱི་འགྱུར་ཕྲ་མོ་དག་གི་དགོས་མཁོ་ལ་བརྟེན་པ་ཞིག་ཡིན་དགོས། ཡིད་བརྙན་དང་ཡིད་བརྙན་གྱི་བར་ན་ཁོད་ཆེ་བའི་འཕར་ལྡིང་ཡོད་ལ། མྱུར་སྟོབས་ཀྱི་བརྗེ་སྤོར་ཡང་མངའ་བ་རེད། འཕར་ལྡིང་དང་བརྗེ་སྤོར་མང་བོའི་ཚོགས་པ་ལ་བརྟེན་ནས་དམིགས་བསལ་ལྡན་པའི་སྙན་ངག་གི་ཁམས་ཆེན་པོ་དེ་འགྲུབ་ཐུབ་པ་ཡིན་ནོ། །
  སྙན་ངག་གཞུང་ལུགས་ཀྱི་ངོས་ནས་བརྟགས་ན། རྩོམ་མཁན་གྱི་མཛེས་རྟོག་ཕུགས་བསམ་དེ་སྒོ་ཀུན་ནས་ལེགས་པར་མཚོན་པའི་ཡིད་བརྙན་དེ་ལ་མཛེས་རྟོག་ཡིད་བརྙན་ཞེས་ཟེར་བཞིན་ཡོད། དེ་ལ་རྩ་བའི་ཁྱད་ཆོས་གཉིས་ཏེ། གཅིག་ལ་ནི་གཏན་ཚིགས་ཀྱི་རང་བཞིན་དང་། ཅིག་ཤོས་ལ་ནི་བསྡུས་བརྗོད་ཀྱི་རང་བཞིན་མངའ་བ་ཡིན། སྙན་ངག་༼གནའ་བོའི་ཅོང་སྙིང་༽དེ་མཐོངས་ཡངས་ས་དང་ཁྱོན་ཆེ་ས་ནས་དཔགས་ན། བསྡུས་བརྗོད་ཀྱི་རང་བཞིན་འབུར་དུ་ཐོན་ཡོད་པ་རྟོགས་ཐུབ། སྣང་ཚུལ་དེའི་ཐད་དུ་རྒྱའི་རྩོམ་རིག་གཞུང་ལུགས་སྨྲ་བ་སུའུ་ཧིན༼苏恒༽ཟེར་བས་རང་གི༼རྩོམ་རིག་དང་སྙན་ངག་གི་ཁམས༽ཞེས་པའི་གཞུང་དུ། བསྡུས་བརྗོད་ཀྱི་ཐབས་ལ་བརྟེན་ནས་མི་མངོན་པའི་མཛེས་པ་མཚོན་པ་ནི་ཀྲུང་ཕྱིའི་སྒྱུ་རྩལ་སྤྱི་ལ་ཁྱབ་པའི་ཆོས་ཉིད་ཡིན་པ་འདྲ། མི་རྣམས་ནི་དངོས་པོའི་འཇིག་རྟེན་རང་ཉིད་ལ་འཚོ་སྡོད་ཀྱི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་ལ་ཡུན་རིང་བོར་འགྲོགས་འདྲེས་དང་ལག་ལེན་བྱས་པ་བརྒྱུད། གཞི་ནས་དེའི་རྒྱུས་ལོན་པ་ཡིན་ལ། རང་གི་ལྟ་བ་ཞིག་ཆགས་རྗེས་བསམ་འདུན་ཡངས་པོ་དེ་གཞན་ལ་སྟོན་པར་མོས། བསམ་འདུན་དེ་སྟོན་པའང་ཐབས་དང་ལག་ཆ་ཞིག་ལ་ཁ་གཡར་ནས་གཞན་ལ་གོ་བར་བྱེད་ཅེས་བརྗོད་པ་ནི་དོན་ལ་གནས་པའི་གཏམ་མོ། ། སྙན་ངག་པ་དེས་རང་རེའི་མཚར་སྡུག་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་དང་མི་རིགས་འདིའི་རང་གཤིས་དང་ལས་དབང་། དར་རྒུད། གསོན་ཤུགས་བཅས་མཚོན་བྱེད་ལ་ཅོང་རྙིང་ཞིག་གི་ཡིད་བརྙན་དེ་སྙན་ངག་དེའི་ཐོག་མཐའ་བར་གསུམ་དུ་གསལ་བོར་བསྐྲུན་ཡོད་པ་སྟེ། སྲ་མཁྲེགས་དང་། ཨུ་ཚུགས། ནག་དྲེག་ཆགས་པའི་གནའ་བོའི་ཅོང་རྙིང་དེ་གང་ཡང་མི་བསམ་པའི་ཏིང་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་འདུག་པ་དང་། སྙན་ཞིང་འཇེབས་པའི་ཅོང་སྒྲ་གསར་བ་ཞིག་ཀྱང་མི་སྒྲོག་པར་དལ་ཅག་གེར་སྡོད་པའི་རྣམ་པ་ཞིག་བྲིས་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་རྒྱལ་ཡོངས་སུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་གསར་དུ་ལྡང་འོངས་ཏེ་གང་ས་གང་དུ་དཔྱིད་ཀྱི་དྲོད་སྣང་གིས་ཁེངས་ཡོད་པ་དང་། མི་རྣམས་ཚ་ཚ་འུར་འུར་གྱི་སྒོ་ནས་ཐོན་སྐྱེད་ལས་སྒོར་ཞུགས་ཏེ་གྲུབ་འབྲས་སྣ་ཚོགས་ཤིག་བསྐྲུན་གྱིན་ཡོད་ནའང་། རང་རེའི་བོད་མི་དག་ནི་ད་དུང་གཉིད་མ་སད་ཀྱི་ངང་དུ་བག་འཁུམས་ནས་སྡོད་པ་དང་། ཅི་མི་སྙམ་པར་སྔར་བྱུང་གཏམ་རྒྱུད་ཀྱི་ཆང་རག་གིས་ར་བཟི་ནས་མི་ཚེའི་དོན་པོ་རླུང་ལ་སྐུན་གྱིན་འདུག་པ་མ་ཟད། གཞན་གྱི་ངོ་མཚར་དང་གསར་བའི་གྲུབ་འབྲས་དག་ཐན་ལྟས་དང་བདུད་ཀྱི་འཕྲུལ༼དགེ་ཆོས་ཀྱི་ཚིག༽དུ་བསམས་ནས་ནང་འདྲེན་མི་བྱེད་པར་རྒྱ་སྒོར་འཕུད་འདེད་བྱས་ཏེ་རང་གི་སྲ་མཁྲེགས་དང་ཨུ་ཚུགས་ཀྱི་རང་གཤིས་དེ་བསྲུངས་ནས་སྡོད་པའི་༼དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྔོན་གྱི་དུས་ཡུན་རིང་པོ་ཞིག་ལ་གོ་ནའང་ཆོག༽ངང་ཚུལ་དེ་སྙན་ངག་པས་རྒྱུས་ལོན་བྱས་པ་བརྒྱུད། རང་གི་ལྟ་བ་ཞིག་ལ་ཆགས་ནས་བསམ་འདུན་ལྷུག་པོར་གཞན་ལ་སྟོན་གྱིན་ཡོད། བསམ་འདུན་དེ་སྟོན་པ་ལ་གནའ་བོའི་ཅོང་རྙིང་ཞིག་ལ་ཁ་གཡར་ནས་གཞན་ལ་གོ་བར་བྱེད། བྱེད་སྟངས་དེ་ལ་བསྡུས་བརྗོད་ཀྱི་རང་བཞིན་འབུར་དུ་ཐོན་འདུག་པས། སྙན་ངག་པས་བསྐྲུན་པའི་ཡིད་བརྙན་དེ་ནི་མཛེས་རྟོག་གི་ཡིད་བརྙན་ཅེས་བརྗོད་ཆོག
     གནའ་བོའི་ངར་སྒྲ་སྒྲོག་པའི་ཅོང་།
 རང་རེའི་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་ལུགས་ཟུང་ཐབས་ཤེས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་ཁྱོན་ལ་དབང་བསྒྱུར་པའི་ཚུལ། དུས་ཕྱིས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གདེང་འཇོག་ཚད་མཐོན་པོ་གནང་སྟེ། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། ། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། ། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། ཞེས་ཀྱང་གསུངས་སོ། ། དེར་མ་ཟད། རང་རེའི་ཤེས་རིག་གི་ལྕགས་རིའི་བང་རིམ་བརྩིགས་པའི་དར་ཆའོ་ངོས་སུ། མཛད་རྗེས་བླ་ན་མེད་པའི་མཁས་དབང་གནམ་གྱིས་ས་ཁེབས་བ་ལྟ་བུ་བགྲང་ཡས་པའི་མཚན་བྱང་བཀོད་འདུག  དེ་དག་ནི་གནའ་བོའི་༼གནའ་བོའི་རྒྱུན་དང་འདྲེས་པའི་ཉེ་རབས་ཀྱང་འདུས༽ངར་སྐད་གསང་མཐོར་སྒྲོག་པའི་ཅོང་སྒྲ་རུ་གྱུར་ལ། ཅོང་སྒྲ་དེས་མི་རབས་ནས་མི་རབས་བར་ཤེས་རིག་དང་ཞི་བདེའི་ལམ་དུ་སྐུལ་ལྕག་གནང་ཞིང་། བདེན་པ་དང་མཛེས་པའི་ཞིང་ཁམས་སུ་ཁ་ལོ་བསྒྱུར། དེ་ལྟར་ཅོང་ཆེན་པོའི་དེའི་བརྗིད་ཉམས་དང་གཟི་མདངས་དེ་འཛམ་གླིང་གི་ཏོག་དང་འཇིག་རྟེན་གྱི་རྒྱན་དུ་གྱུར་ལ། ཅོང་ཆེན་དེའི་ལྡིར་སྒྲས་མི་ཡུལ་འདིའང་ཟིལ་གྱིས་མནན་པར་བརྟེན། ང་ཚོའི་མཐོངས་ཀྱི་ནམ་མཁའ་སྔོ་ཞིང་བསངས་པ་དང་། ང་ཚོའི་མདུན་གྱི་བགྲོད་ལམ་བདེ་ཞིང་ཡངས་སོ། །
    ད་ལྟའི་ནགས་དྲེགས་ཆགས་པའི་ཅོང་།
  དེ་ཡང་རྗེ་ས་པཎ་གྱིས་༼ལེགས་བཤད་འཕྲུལ་གྱི་དྲ་བ༽ཡི་དབུར། ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉན་ཤིང་ཆག   གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ། མི་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱང་། ཉེས་པའི་དཔེ་འདྲེན། མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག  བཟང་པོའི་དོན་མི་བྱེད། ངན་པའི་ལབ་བྱེད་པ་མང་དུ་མཐོང་ཞེས་དང་། དགེ་ཆོས་ལགས་ཀྱིས་ཀྱང་། ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་ཐོར་ཏེ། རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་ཡུལ་དུ་མར་སྤོས་པ་དང་། སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་འཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅེས་དང་། སྐུ་ཞབས་རང་གྲོལ་ལགས་ཀྱིས་༼ལང་ཚོའི་རྦབ་ཆུ༽རུ་ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སམེས་ལའང་། ལོ་རྒྱུས་ཀྱི་རྨ་ཁ་དང་། དམག་འཁྲུག་གི་ནད་རྙིང་། རྨོངས་དད་ཀྱི་ཆུ་བར། རྙིང་ཞེན་གྱི་རྡུལ་ཕྲན་སོགས་མཆིས་ཀྱང་སྲིད་ཅེས་སོགས་སྐྱོ་ཉམས་ཐོན་པའི་བགྲོ་བ་མང་དུ་མཛད་འདུག་ཅིང་། དུས་ཕྱིས་སུའང་སྲིད་ཀྱི་སྟོབས་ཤུགས་རྩ་བ་ནས་ཉམས་དམས་སུ་གྱུར་ལ། ཆོས་ཀྱི་གྲུབ་མཐའ་ཁག་ཏུ་ཕན་ཚུན་ཁྱད་གསོད་དང་བརྙས་བཅོས་ཀྱི་སྦྱོར་བ་མང་དུ་བརྩམས་ཡོད་པ་དང་། ཚོ་ཁག་དང་ཚོ་ཁག་གི་བར་དུ་སྤུན་ཟླ་ནང་དམེ་དང་མི་ཤི་རྟ་འགྱེལ་གྱི་སྐྱུག་བྲོ་བའི་ཟློས་གར་ལན་མང་དུ་འཁྲབ་པར་བརྟེན། ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞི། འབངས་མིའི་གོ་རྟོགས་སོགས་འགྱུར་མེད་སོར་གནས་ཀྱི་ཆུ་ཚད་གཅིག་གི་སྟེང་དུ་གནས་ཡོད་པས། གནའ་བོའི་ངར་སྒྲ་སྒྲོག་པའི་ཅོང་སྒྲ་དེ་སྒྱིད་ལུག་དང་བག་འཁུམ་གྱི་མཁའ་དབུགས་མཐུག་པོ་ཞིག་གི་ཀློང་དུ་འཐིམས་ནས་ཞི་འཇགས་སུ་གྱུར་ལ། སྔར་བྱུང་གི་ལོ་རྒྱུས་གཏམ་ལ་ཡིད་ཚིམ་པ་དང་མ་འོངས་པའི་བདེ་སྐྱིད་འཚོ་བ་ལ་གསོལ་འདེབས་ཁོ་ནས་དུས་འདའ་བར་བྱེད། དུས་སྐབས་དེ་དག་ཏུ་རང་རེའི་མི་རིགས་དང་རིག་གནས་ཀྱི་ལས་དབང་ལ་སེམས་ཁུར་དང་སྔོན་དཔག་བྱེད་པའི་སྙན་ངག་པ་དཔའ་རྩེ་འདུས་པའི་ན་གཞོན་རྟོགས་སད་པ་མང་པོ་ཞིག་གི་མིག་ལམ་དུ་སྣང་བ་ནི། གཡའ་ཡིས་ཟིན་ཅིང་ནག་དྲེག་ཆགས་པའི་གནའ་བོའི་ཅོང་རྙིང་ཞིག་ཡིན་པ་དང་། ཁོ་ཚོའི་སྙན་ལམ་དུ་རྨོངས་གཉིད་ལས་དཀྲོག་པའི་ཅོང་སྒྲ་གསར་པ་ཞིག་ཐོས་པའི་སྐལ་བ་ཧ་ཅང་ཕྲ་བར་གྱུར། ཕྲ་བར་གྱུར་སྟབས་སྙན་ངག་པས་སེམས་ཁོང་རུས་པའི་གཏིང་ནས་ཀྱེ་ཀྱེ་ཞེས་ཤུགས་དྲག་གི་འབོད་པ་བཏང་ནས། རང་རྟོགས་རང་འགུལ་གྱི་སྤྱི་ཚོགས་ཧྲིལ་བོའི་བསམ་གཞིག་གི་སྒུལ་ཤུགས་ཤིག་ལ་བརྟེན་ན་མ་གཏོགས། སྐྱབས་ཞུ་གསོལ་འདེབས་ཁོ་ནས་མི་རིགས་དང་རིག་གནས་སྐྱོབ་ཐབས་མེད་པའི་གནས་ལུགས་དེ་ལྷང་ལྷང་བསྒྲགས་ཡོད།

    རྟོགས་སད་ཀྱི་རྒྱང་འབོད་རིང་མོ་ཞིག

མ་འོངས་སྙན་འཇེབས་ལྡན་པའི་ཅོང་།
 སྐུ་ཞབས་རང་གྲོལ་ལགས་ཀྱི་རང་རེའི་གསར་སྐྱེས་ཀྱི་ན་གཞོན་དང་མ་འོངས་པའི་རྗེས་རབས་པ་རྣམས་ལ་རེ་བ་ཆེན་པོ་བཅོལ་པ་དང་། རིང་བོ་མི་ཐོགས་པར་ཁོ་ཚོ་འཚར་ལོངས་བྱུང་སྟེ་གངས་ཅན་ལས་དོན་གྱི་སྲོག་ཤིང་དུ་འགྱུར་བར་རེ་ལྟོས་དང་འབྱུང་འགྱུར་གྱི་གྲུབ་འབྲས་ལ་སྔོན་དཔག་དང་གདེང་འཇོག་མཐོན་པོ་གནང་འདུག་སྟེ། ཆུ་ཕྲན་མི་གཅིག་བརྒྱ་དང་བརྒྱད། ཆུ་སྣ་མི་གཅིག་ཁྲི་མ་འབུམ། ཁྱེད་ནི་མཐུན་སྒྲིལ་གི་ཆུ་ཞིག་ཡིན་པས། གཡང་གཟར་གྱི་བྲག་ལས་འབབ་པར་ཕོད། ཁྱེད་ནི་ཡོངས་འདུས་ཀྱི་ཆུ་ཞིག་ཡན་པས། ངང་གྲོག་གི་གཡང་ལས་མཆོང་བར་སྤོབས། ཁྱེད་ལ་གསར་བྱང་གི་ཆུ་སྣ་བསྡུ་བའི་སྤོབས་པ་དང་ལྡན་པས། ཁྱེད་ཀྱིས་བློ་རྒྱ་ཆེ་ཞིང་ལུས་སྟོབས་དར་ལ་ཟིལ་ཤུགས་ཆེ། ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པའི་དྲི་མ་མེད་པས། ཁྱེད་ཀྱི་བཞུར་རྒྱུན་རིང་ལ་འབབ་རྒྱུན་དྲག  ཁྱེད་ལ་སྙིགས་མ་དོར་ཞིང་སྙིང་བཅུད་གཞིབ་པའི་ནུས་པ་དང་ལྡན་པས། ཁྱེད་ཀྱི་ལུས་སེམས་གཙང་ལ་ལང་ཚོའི་དཔལ་ཡོན་རྒྱས་ཞེས་གསུངས་པ་དང་མཛེས་རིག་མཁས་པ་ཀྲོའུ་ལེ་ཡོན༼朱立元༽གྱིས་ཀྱང་། དེང་རབས་ལ་རྐང་ནི་བཙུགས། གནའ་དེང་ལ་གྲོས་ནི་བསྡུར། ཀྲུང་ཕྱི་ལ་འབྲེལ་ནི་བཞག   ད་ནི་སྒོ་ཀུན་ནས་གསར་གཏོད་ལ་གཞོལ་དགོས་ཞེས་དུས་རབས་ཉེར་གཅིག་པའི་ནང་རིག་གནས་འཛུགས་སྐྲུན་གྱི་བགྲོད་ལམ་ཞིག་བསྟན་ཡོད་པ་འདི་དག་གིས་ཀྱང་མཐར་གཏུགས་ན་མི་རིགས་ཤིག་གི་མ་འོངས་པའི་བྱ་བཞག་གི་ཐབས་ཇུས་དང་ཕུགས་འདུན་བརྗོད་ཡོད་པ་རེད།
   རང་རེའི་མ་འོངས་པའི་མདུན་ལམ་དང་འབྲེལ་བའི་སྙན་འཇེབས་ལྡན་པའི་ཅོང་སྒྲ་དེ་ཡང་བསྐྱར་ལྷང་ལྷང་དུ་གྲག་དགོས་ན། ལྕགས་མཁར༼ལུའུ་ཞུན་གྱི་ཚིག༽བསྲུངས་ནས་སྡོད་པའི་ཨུ་ཚུགས་ཀྱི་གཤིས་རྒྱུད་ངེས་པར་རིང་དུ་འདོར་དགོས་པ་དང་། མི་གཞི་དང་མི་གཤིས་བརྟན་པའི་སྲ་མཁྲེགས་ཀྱི་རང་བཞིན་དེ་དང་དུ་ལེན་དགོས་པ་དང་། ནག་དྲེག་མ་ཆགས་པའི་སྔོན་གྱི་བཅོས་མིན་རང་མདོག་དེ་འཛམ་གླིང་དུ་ངོམ་དགོས་པའི་ར་སྨོན་དང་ཆོད་སེམས་དེ་སྙན་ངག་པ་དཔའ་རྩེས་ཐེ་ཚོམ་མེད་པར་བསྒྲགས་པ་དང་། དེའི་མཚུངས་སུ་སྙན་འཇེབས་ལྡན་པའི་ཅོང་གི་ངར་སྒྲ་གསར་བ་དེ་ཡུན་རིང་བོ་གྲགས་ནས་ཐོས་ཐུབ་པའི་ཆེད་དུ། རང་ཉིད་ཀྱི་གཅེས་ཤིང་ཕངས་པའི་ལང་ཚོའང་གཏོང་ཐུབ་པའི་མཛེས་པའི་ཕུགས་བསམ་དེ་མཚོན་ཡོད། དེ་ནི་དམངས་གཙོ་དང་རང་དབང་ལ་སྙེག་པའི་སྙན་ངག་པ་ཞིག་གི་མི་གཞི་དང་མི་གཤིས་ཀྱི་མཚར་སྡུག་ངོམ་པའི་ཆ་དང་བསམ་བློའི་ནང་སྙིང་ཧྲིལ་བོའི་ཆའང་ཡིན།
  མདོར་ན་སྙན་པ་དེ་འདས་པའི་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པའི་བསམ་གཞིག་གི་ཆ་བཅས་ཡོངས་སུ་འདུས་པའི་བརྗོད་བྱ་དེ་དུས་དང་ཡུལ་གྱི་ཤོང་ཚད་ཆེན་པོ་ཞིག་གི་ནང་བཞག་སྟེ། འགན་ཁུར་གྱི་འདུ་ཤེས་དང་རང་རྟོགས་ཀྱི་ཚོར་བ་སྐྱེན་པོ་ཞིག་ལ་བརྟེན་ནས། བརྩེ་དུངས་དང་བསམ་བློའི་མཐིལ་དེ་ཡིག་འབྲུ་ཉུང་ངུ་ཞིག་གི་ལམ་ནས་སྟོན་པར་བྱེད་པ་བཅས་དགེ་མཚན་གྱི་ཆ་ཤིན་ཏུ་མང་ངོ་། །ཡིན་ནའང་དུས་དང་མཛེས་རྟོག་དུངས་ཞེན་ལ་འགྱུར་བ་འབྱུང་བའི་དབང་གིས་༼ལང་ཚོའི་རྦ་ཆུ༽དང་༼གནའ་བོའི་ཅོང་རྙིང་༽གཉིས་ཀའང་རྟ་མཆོག་ཁྲི་ཕྲག་བརྒལ་རྗེས་ཀྱི་གནམ་ས་རལ་བར་བྱེད་པའི་རྨིག་སྒྲ་དང་། ནམ་མཁའ་གཏིབ་པར་བྱེད་པའི་རྡུལ་འཚུབ་རིམ་གྱིས་ཡལ་པ་བཞིན། ཁ་སང་དེ་རིང་ཅུང་ཟད་ཞི་འཇགས་སུ་གྱུར་དོན་ཡང་གཅིག་ནས་དེ་གཉིས་ལ་ཁ་གཡང་རྒྱང་འབོད་ཀྱི་ཆ་ཡོད་པས་ཡིན་ལ། གཉིས་ནས་སྒྱུ་རྩལ་རོལ་མྱོང་མཁན་གྱི་ཁམས་མོས་པ་དང་བར་ཐག་རིང་དུ་བཀྱེད་པའི་རྒྱུ་རྐྱེན་གྱིས་བཟོས་པ་རེད་སྙམ། འོན་ཀྱང་། རྨིག་སྒྲ་དང་རྡུལ་འཚུབ་དེ་ང་ཚོའི་ལོ་རྒྱུས་དང་སེམས་ཁམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ང་ཚོ་ལམ་དུ་སྐྱོད་པའི་ངར་ཤུགས་དང་གསལ་འདེབས་ལྟ་བུར་ཡང་གྱུར་ཡོད་དོ། ། ༼རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་དགེ་རྒན་ཡིན། ༽
  • ལེ་ཚན་སྔོན་མ།:མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟབ་མོ་དབུ་མའི་ལྟ་བ་ལ་རགས་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:བྱ་སྤྲེལ་གཏམ་རྒྱུད།
  • དོ་སྣང་ཆེ་བའི་རྩོམ།