ཨ་སྔགས་ཚེ་རིང་བཀྲ་ཤིས། 2012-11-29
ཟབ་མོ་དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་དཀའ་གནད་སྟོན་པ་ལ་སྔོན་བྱོན་མཁས་དབང་ཕལ་མོ་ཆེས་དབུ་ཚད་སྟག་སེང་འཇིང་བསྣོལ་ཞེས་བརྗོད་པ་ལྟར་ཐལ་སྦྱོར་ལ་བརྟེན་ནས་ལྟ་བའི་འཛིན་མཚམས་སོགས་ཕྲ་ཞིབ་ཀྱི་གནད་རྣམས་རྒྱུ་མ་ཕུ་དེད་ཀྱི་ཚུལ་དུ་སྤྲོས་པ་ལགས་པས། རྩོད་གྲྭར་འགྲིམས་པའི་སྐལ་བ་མི་ལྡན་པ་རྣམས་ཚུལ་འདིའི་རོ་བཅུད་ཇི་བཞིན་མྱོང་བའི་སྐལ་བའང་དབེན་མོད། དགེ་འདུན་ཆོས་འཕེལ་ནས་སྔ་སྲོལ་དེ་ཉིད་ལས་འགོངས་ཏེ་ཀླུ་སྒྲུབ་དགོངས་རྒྱན་དུ་ཐལ་ཕྲེང་སྣ་གཅིག་ཀྱང་མེད་པའི་སྒོ་ནས་ཟབ་མོ་དབུ་མའི་སྙིང་པོའམ་དཀའ་གནད་གོ་བ་ཆུ་ཐུབ་ཀྱི་རིགས་པ་ལ་བརྟེན་ཏེ། འཛམ་གླིང་མཚན་ཉིད་རིག་པའི་སྤྱི་འགྲོས་ལྟར་ལྷུག་པར་བརྗོད་པས། གངས་ཅན་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ལྡུམ་རར་སྔོན་མེད་རྩོམ་ལུས་ལེགས་པོ་འདི་ཀོ་གསར་དུ་དྲངས་པ་ཡིན།
དེ་ཡང་ཟབ་མོ་དབུ་མའི་སྲོལ་འབྱེད་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེར་སོགས་བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་ཐོག་མར་བོད་དུ་དྲངས་ནས་འཆད་ཉན་སྤེལ་གསུམ་གྱི་དབུ་བརྩམས་ཏེ་དེང་གི་བར་ལོ་པཎ་གསེར་རིའི་ཕྲེང་བ་བྱོན་པ་རྣམས་ནས་ཕྱོགས་འདི་ལ་བྱས་རྗེས་རང་སོ་སོའི་ནུས་པ་ལྟར་ཆེ་ཆུང་སྣ་ཚོགས་བཞག་ཡོད་པ་ནི་ཟབ་མོ་དབུ་མའི་ལུགས་དེ་གངས་ཅན་ལྗོངས་སུ་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་པ་ལས་གསལ་ལེར་ཤེས་ཐུབ། དེ་དག་ལས་ལོ་ཙཱ་བ་ཆེན་པོ་པཱ་ཚབ་ཉི་མ་གྲགས་པ་ནས་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་སོགས་ཐལ་འགྱུར་བའི་གཞུང་ལུགས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་རྗེས་འཁོར་སློབ་ཀྱི་རྒྱ་མཚོ་བསྐྱངས་ཤིང་། ཚིག་ལ་མཁས་པ་དར་ཡོན་ཏན་གྲགས། དོན་ལ་མཁས་པ་གཙང་པ་ས་སྤོས། གཉིས་ཀ་ལ་མཁས་པ་རྨ་བྱ་བྱུང་ཡེ། གཉིས་ཀ་ལ་མི་མཁས་པ་ཞང་ཐང་ཟག་པ་ཞེས་བུ་ཆེན་བཞི་བྱོན་ཏེ་སྙན་པའི་གྲགས་པ་ཕྱོགས་བཅུར་འབར་བ་བྱུང་། དེ་ནས་སློབ་བརྒྱུད་དེ་དག་ལས་མཆེད་པའི་ཐལ་འགྱུར་བའི་འཆད་ཉན་གྱི་ལུགས་འདྲ་མིན་སྣ་ཚོགས་རྒྱ་མཚོ་ཆེན་པོའི་ཀློང་བརྡོལ་བ་ལྟ་བུ་སྟེ། རྨ་བྱ་བྱང་བརྩོན་ནས་མཆེད་པའི་སློབ་བརྒྱུད་ལས་བུ་སྟོན་རིན་ཆེན་གྲུབ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། ཡར་འབྲོག་པ་རིན་ཆེན་ཏོག རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་སོགས་བྱོན་ཞིང་། ཞང་ཐང་ཟག་པ་ལས་རོང་སྟོན་ཤེས་བྱ་ཀུན་ཁྱབ་དང་སྟག་ལོ་ཤེས་རབ་རིན་ཆེན། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། གོོ་རམས་བསོད་ནམས་སེང་གེ་སོགས་ཟབ་མོ་དབུ་མ་ལས་ཐལ་འགྱུར་ལུགས་བཟང་འཆད་ཉན་སྤེལ་གསུམ་ལ་བྱས་རྗེས་བླ་ལྷག་བཞག་པའི་མཁས་པ་ཚབ་མཚོན་རང་བཞིན་ཅན་དེ་རྣམས་བྱོན་པས། གངས་ཅན་གྱི་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་མེད་ཀྱིས་ལྟ་སྤྱོད་གཉིས་ལས་ལྟ་བ་ནི་རྨད་དུ་བྱུང་བ་དཔལ་འཕགས་པ་ཀླུ་ཡི་དབང་པོ་ཁོངས་སུ་བཅོལ་བ་འདི་ཀོ་བྱུང་། ཟབ་མོ་དབུ་མ་འཆད་སྤེལ་གྱི་ཁྲོད་མཁས་པ་སོ་སོ་ནས་གདུལ་བྱའི་བློ་ཡི་ཁྱད་པར་ལ་བསྟུན། དོན་གྱི་གནད་ཁྲོལ་བ་ལ་རྩལ་འདོན་ལུགས་མི་འདྲ་བའི་དབང་གིས་ཐ་སྙད་ཀྱི་ཞལ་བཞེས་ཅུང་ཟད་མི་འདྲ་བ་བྱུང་མོད། མཐར་ཐུག་གི་དགོངས་པ་དབུ་མ་ཆེན་པོ་སྤྲོས་བྲལ་མཉམ་པ་ཉིད་དུ་དབྱེ་བསྲི་མེད་པར་གཅིག་ཏུ་གཞོལ་ཞིང་འབབ་པའོ།།
དེ་ཡང་ཐ་སྙད་ཀྱི་ཞལ་བཞེས་མི་འདྲ་བའི་དབང་གིས་སྔོན་བྱོན་མཁས་པའི་ཁྲོད་དུ་རོང་སྟོན་སྟག་ལོ་གོ་ཤཱཀ་སོགས་སྔ་རབས་ལུགས་འཛིན་གྱིས་རྗེ་བློ་བཟང་གྲགས་པའི་ཕྱོགས་འདིའི་ལྟ་གྲུབ་ལ་སྐྱོན་བརྗོད་མང་དུ་མཛད་ཅིང་། རྗེའི་སློབ་བརྒྱུད་ལས་མཁས་གྲུབ་རྗེ་དང་སེ་ར་རྗེ་བཙུན། པཎ་ཆེན་བདེ་ལེགས་ཉི་མ། འཇམ་དབྱངས་དགའ་བློ། པཎ་ཆེན་བློ་བཟང་ཆོས་རྒྱན། འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ནས་བརྒལ་ལན་རྒྱ་ཆེན་མཛད་དེ་རྗེའི་ལྟ་གྲུབ་སྲུང་འཛིན་བྱས། སྔ་ཕྱི་ཕྱོགས་གཉིས་ནས་ཀྱང་རང་རང་ལ་རྒྱབ་རྟེན་གྱི་ལུང་དང་དགོངས་པའི་བབ། རིགས་པའི་འགྲོས་ཁྱད་པར་བ་རེ་ཡོད་པས་ན། རང་ལུགས་ཀྱི་དར་ཆ་བསྒྲེངས་ཏེ། བརྒལ་ལན་དག་ཏུ་ཚིག་གི་ཤགས་འདྲ་མིན་གྱིས་བསྡོས་ཏེ་གཞན་ལུགས་ཚར་གཅོད་པའི་བཟོ་སྟབས་བསྟན་ཅིང་དོན་དུ་རང་སྡེའི་ལ་རྒྱ་སྲུང་བ་ཙམ་ལས་ཅིག་ཤོས་ཚར་བཅད་དེ་ལྟ་བ་རྨེག་མེད་དུ་གཏོང་བ་ནི་གཅིག་ཀྱང་མེད། དེ་ལྟར་ཡང་ཡིན་ངེས་སྙམ་སྟེ། ཟབ་མོ་དབུ་མ་ལྟ་བུ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གླིང་དུ་ཚད་ཆེས་མཐོ་ཤོས་སུ་སླེབས་པའི་མཚན་ཉིད་རིག་པ་ལྟ་ཅི། བརྡ་སྤྲོད་རིག་པ་ལྟ་བུ་རྨང་གཞིར་གྱུར་པའི་ཤེས་བྱ་ཐད་ཀྱི་ངོས་འཛིན་མི་འདྲ་བའི་ཆ་ནས་བྱུང་བའི་མཁས་པའི་བར་གྱི་རྩོད་པ་ཙམ་ཡང་རང་རང་གི་ལུགས་འཛིན་པ་ཙམ་ལས། གཅིག་གིས་གཅིག་ཚར་གཅོད་ཐུབ་པའི་ལོ་རྒྱུས་ཤིག་ད་བར་བོད་ན་འཆད་དུ་མེད་པའི་ཕྱིར་རོ།། ཚུལ་འདི་ལ་དགེ་ཆོས་ཀྱིས། རང་སོ་སོའི་རྗེས་འབྲང་དག་གིས་རྒྱུ་མཚན་མེད་པར་དད་པས་ཡིད་ཆེས་ན་ནི་དེར་ཟད་ཀྱི་ཕན་ཚུན་བསྡུས་ཏེ་འདི་གཉིས་རྩོད་ཚེ། གཅིག་གིས་གཅིག་ནམ་ཡང་སུན་ཕྱུང་མི་ནུས་པས་ཕན་ཚུན་ཁྲོ་ཞིང་ཚིག་རྩུབ་སྨྲ་བ་ཙམ་གྱི་མཐའ་ཅན་དུ་མཐའ་ཅན་དུ་འགྱུར་རོ་ཞེས་གསུངས་པ་ལྟར་རོ།།
སྤྱིར་སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ་ཞེས་གངས་ལྗོངས་གྲུབ་མཐའ་རིས་མེད་ཀྱི་ཤེས་ནས་སྨྲ་བ་ཀུན་གྱིས་མགྲིན་གཅིག་ཏུ་བརྗོད་ལ། དོན་དུའང་དེ་ལྟར་ཡིན་ངེས་ཏེ། རྗེ་བདག་ཉིད་ཆེན་པོ་འདི་པའི་ལྟ་གྲུབ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན། རྗེ་བཙུན་རེད་མདའ་བ། བླ་མ་དབུ་མ་པ། ལྷོ་བྲག་ནམ་མཁའ་རྒྱལ་མཚན། སྐྱབས་ཆེན་ལོ་ཆེན་དཔལ་བཟང་སོགས་སྐབས་དེའི་ཡུལ་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་སྔ་གཞུག་བཞི་བཅུ་ཉེ་བ་གུས་པས་རྩེ་གཅིག་ཏུ་བསྟེན་ཏེ་བྱུང་བ་ལགས་པས། དེ་སྔོན་གྲུབ་མཐའ་རིས་མེད་ཀྱི་ལེགས་པའི་སྙིང་བཅུད་འདུས་ཡོད་པ་སྨོས་མེད་ཡིན་སྟབས་གངས་ཅན་ན་མངོན་པར་མཐོ་ཡིན་མོད། འོན་ཏེ་གདུལ་བྱ་བློ་ཡི་མོས་པ་སྣ་ཚོགས་ལ་གང་ལ་གང་འཚམས་དེ་བསྟུན་གྱི་ཚུལ་དུ་སོང་བས་གྲུབ་མཐའ་གཞན་དག་ཀྱང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པས་མཐའ་གཅིག་ཏུ་འདི་ནི་མཆོག་དང་འདི་ནི་དམན་ནོ་ཞེས་པའི་ཤན་འབྱེད་དུ་མེད་ལ་གཅིག་ཚབ་གཅིག་གིས་ཀྱང་བྱེད་ག་ལ་ཐུབ་སྙམ་མོ།། གལ་སྲིད་ཕན་ཚུན་རིགས་པའི་འགྲོ་གླེང་བྱེང་དུས་གྲུབ་མཐའི་ལ་རྒྱའི་ཤན་ངན་མི་ཞུགས་ལ། མཐའ་གཅིག་ཏུ་རང་ལྟ་མཆོག་འཛིན་གྱིས་གཞན་ཕྱོགས་ལ་ལྟ་ངན་ལོག་ཆོས་སོགས་ཀྱི་ཚིག་གིས་དམོད་པར་མི་བྱེད་པར་ངོ་མཚར་བའི་ལུང་རིགས་ཀྱི་འཕྲུལ་འཁོར་སྐོར་བ་ཞིག་ཡིན་ན། ཆོས་ལུགས་པ་ཞིག་གི་ངོར་དེ་ནི་རང་བཞིན་གྱི་ཁ་བཏོན་དགེ་སྦྱོར་གང་གིས་ཀྱང་འགྲན་མི་ནུས་པའི་རླབས་ཆེན་གྱི་ཚོགས་བསག་ཡིན་ལ། རིག་གནས་འཛུགས་སྐྲུན་གྱི་ལས་ལ་གཞོལ་བའི་འཇིག་རྟེན་པའི་ངོར་དེ་ནི་མེ་ཏོག་མཉམ་བཞད། མཁས་བརྒྱ་འགྲན་གླེང་གི་རྣམ་པ་སྟེ་རིག་གནས་གོང་འཕེལ་དུ་འགྲོ་བཞིན་པའི་དན་རྟགས་རྣལ་མ་ཡིན་ནོ།།
དེ་བཞིན་སྐབས་སུ་བབ་པ་གླེང་བར་བྱ་བའི་གཞི་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་དུ་ཟབ་མོ་དབུ་མའི་དཀའ་གནད་སྐོར་ཞིག་སྟེ། ཐ་སྙད་ཚད་གྲུབ་འདོད་མིན། དབུ་མ་བ་ལ་ཁས་ལེན་ཡོད་མེད། བདེན་གཉིས་གང་གཞི་གཙོ་བོར་འཛིན་པ་སོགས་ཀྱི་ཐད་ལ་གྲགས་པའི་རྗེས་སུ་མ་འབྲང་པར་རང་གི་དཔྱད་སྟོབས་རིགས་པས་ཕྲ་ཞིང་ཞིབ་པར་འཇུག་པ་བྱས་ཏེ་བོད་སྔ་རབས་དང་ཕྱི་རབས་གང་གི་ལུགས་ལའང་སྔ་རྒོལ་དུ་དམིགས་སུ་མ་བཟུང་པར་དོགས་པ་སློང་བའི་ཚུལ་གྱིས་རང་ལུགས་ཤུགས་ནས་བཞག་སྟེ་བརྗོད་ཅིང་། ཐ་སྙད་ཚད་མས་གྲུབ་མིན་དང་དབུ་མ་བ་ལ་ཁས་ལེན་ཡོད་མེད་སྐོར་ལ་དངོས་སྟོབས་རིགས་པའི་རྗེས་སུ་འབྲངས་ཏེ་སྔ་རབས་ལུགས་འཛིན་གོོ་རམས་པའི་ལྟ་བ་འཐད་ཕྱོགས་སུ་དམིགས་ཤིང་རྗེ་བློ་བཟང་གྲགས་པའི་ལུགས་འཛིན་གྱི་མཁས་པ་དག་གི་དགོངས་པ་ལ་ཅུང་ཟུར་ཟ་ཚུལ་དུ་སོང་བས་རྗེ་ཤེས་རབ་རྒྱ་མཚོ་ནས་ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེང་གེའི་ང་རོ་ཞེས་པ་དགག་ཡིག་བརྩམས་ཏེ་སུན་འབྱིན་མཛད། ལར་མི་འཇིགས་སེང་གེའི་ང་རོ་ལྟ་བུ་བརྒལ་བརྟག་གི་གཞུང་འདི་རྒྱབ་རྫོང་གི་ལུང་དང་། གོ་བ་ཆུ་ཐུབ་ཀྱི་རིགས་པ་སོགས་ཕྱོགས་གང་ནས་གཞིགས་ཀྱང་རྗེ་རིན་པོ་ཆེའི་ལྟ་གྲུབ་གསལ་ཁ་བཏོན་པའི་གཞུང་བཟང་རིན་ཆེན་དང་པོའི་གཤིས་སུ་སོང་བས་དགེ་ལྡན་ལུགས་བཟང་འཛིན་པའི་སྐྱེས་བུ་ལྟ་ཅི། གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་གཟུར་གནས་མཁས་དབང་རྣམས་ཀྱིས་ཀྱང་ཨེ་མ་ཧོ་ཞེས་བསྟོད་སྤྲིན་ཕུན་བའི་གནས་སུ་སོང་མོད། འོན་ཏེ་གཞུང་དེ་ཉིད་སྔ་རྒོལ་ལ་ལྟ་ལོག་པ། ཆད་ལྟ་བ། སྨྱོན་པ། འཆལ་བོ་སོགས་ཚིག་གི་དུག་མདའ་མང་པོ་འཕངས་ཤིང་། ཉག་རོང་རོང་དགུའི་ཕུལ་དུ་བརྗིད་མོད་ཀྱི།། ལ་ལས་ལས་འབྲས་མེད་པར་སྨྲ་འདི་ནོངས།། ཟླ་གྲགས་བ་འཇོ་ཀུན་བཟང་ལྷུན་པོ་ཡང་།། དགེ་མིང་བདུད་འདུན་ཆོས་མིན་འཕེལ་བས་སྨད།། ཅེས་པ་ལྟ་བུ་རྩོམ་གྱི་ཉམས་ཧ་ཅང་ཆེ་བའི་ཤོ་ལོ་ཀ་མང་པོ་བར་སྐབས་སུ་བཅུག་ཏེ་ངན་དམོད་མང་པོ་བྱས་པ་ནི་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་ཚུལ་གྱིས་དགེ་ཆོས་ཀྱི་ཐུན་མོང་སྣང་ངོའི་བྱ་སྤྱོད་ལ་དམོད་པའི་ཆ་ནས་ཁོང་གི་བརྕམས་ཆོས་ནང་གི་གཟི་འོད་རབ་ཏུ་འཕྲོས་པའི་རྟོག་གེ་རིགས་པའི་འོད་རླབས་དང་རིག་གནས་ལ་དཔྱད་པ་ལྷུར་ལེན་པའི་ཐབས་ལམ་མ་རྨད་དེ་ཉིད་མོག་པོར་བྱས་པ་ནི་ཕྱོགས་གང་ནས་དམིགས་ཀྱང་མི་འོས་པ་ཞིག་ཡིན་ལ། དེ་བཞིན་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་པ་གཏོང་བའི་དེང་གི་གསར་བྱུང་བརྩམས་ཆོས་དག་ཀྱང་སྤྱིར་རྩོད་སྒྲུབ་རིགས་པའི་བརྒལ་བརྟག་ཏུ་སོང་བས་ཚད་མཐོ་དམན་གང་ཡིན་ཡང་རུང་དེ་བསྟུན་གྱི་རིན་ཐང་ཞིག་ཡོད་ངེས་མོད་ཀྱང་། ཕལ་མོ་ཆེ་རྩོམ་གྱི་འཇུག་པ་ཐོག་མ་ཉིད་ནས་ཕ་རོལ་པོ་ལ་ལྟ་ངན་རྒོལ་ངན་ཞེས་པ་ངན་རྟོག་གིས་དྲངས་པའི་ཚིག་འཆལ་དང་གཞན་ལ་སྤ་བཀོང་བའི་རྫིགས་ཉམས་ཀྱིས་བརྗེད་པར་བྱས་པས་སྔ་རྒོལ་ལྟ་ཅི། གཟུར་གནས་ཀུན་གྱི་ཡིག་གར་མི་འོང་བར་བྱས་འདུག་པས་དོན་གྱི་རིན་ཐང་དེ་ཉིད་ཀྱང་སྒྲིབ་སོང་བ་ནི་བློ་ཕམ་དགོས་པའི་གནས་གཞི་ལོས་ཡིན་སྙམ། འདི་ལ་དམིགས་ན་གོོ་རམས་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ནང་དུ། རྗེ་ཙོང་ཁ་བའི་ལྟ་དགོངས་མི་འཐད་ཚུལ་བརྗོད་སྐབས་ཐོག་མ་ཉིད་དུ་ལེགས་པར་དཔྱོད་པའི་བློ་གྲོས་ཀྱི་གསུང་རབ་ཀྱི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ཞིང་སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པའི་ཡོན་ཏན་གྱི་རྒྱན་གྱིས་མཛེས་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཞེས་ཆེ་བརྗོད་ཀྱི་མཚན་ནས་དྲངས་ཏེ་ལུང་རིགས་ཀྱི་དཔྱད་པར་འཐུག་ཅིང་མཇུག་བསྡུས་སྐབས་ཀྱང་། རྩོད་འདོད་རྒོལ་བ་ཡོད་ན་ཟླ་བ་ཡི།། འགྲེལ་ཆེན་གསུམ་པོ་དབང་པོར་བྱས་ནས་ནི།། རྩོད་པར་བགྱི་ཡི་བདུན་དུ་ལྷགས་པར་གྱིས།། དེ་ལྟར་མིན་པ་དེང་སང་བྱིས་པ་ཡི། མགོ་བོ་སྐོར་བའི་ཚིག་གི་ཟེར་ཟློས་ལ།། ཁོ་བོ་རྩོད་པ་དག་ནི་མི་བགྱིས་སྟེ། འཇིག་རྟེན་བྱ་བ་སྙིང་པོ་མེད་ཕྱིར་རོ།། ངན་རྟོག་རླུང་གིས་བློ་གྲོས་མ་དཀྲུགས་པར། གནས་ལུགས་འཁྲུལ་མེད་ཇི་བཞིན་རྟོགས་འདོད་ན། ཞེས་པ་སོགས་རིགས་པའི་བགྲོ་གླེང་རྣལ་མ་ལས་ཆགས་སྡང་གི་རང་རྒྱུད་མ་བསླད་པ་ནི་ཇི་འདྲའི་ལེགས་པ་ལ་ཨང་། དེས་ན། གཞོན་སྐྱེས་རྣམ་ནས་སྤྱིར་རིགས་པའི་བརྒལ་བརྟག་ནི་རིག་གནས་དར་བའི་གསོས་སུ་དམིགས་ནས་རྗེས་སུ་ཡི་རངས་བྱེད་ཅིང་རང་ཡང་དེ་ལྟ་བུར་ཞུགས་དགོས་མོད། འོན་ཏང་རང་གི་གྲགས་འདོད་སོགས་ངན་རྟོག་གིས་དྲངས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ནི་ནམ་གཞི་མཐུན་སྒྲིལ་གྱི་གཤེད་དུ་འགྱུར་བས་དོགས་ཟོན་བྱེད་དགོས་པའི་གནས་སུ་ཤེས་པར་བྱའོ།།
གཉིས། ཐ་སྙད་ཚད་གྲུབ་མི་བཞེད་པའི་སྐོར།
ཐ་སྙད་ཚད་གྲུབ་མི་བཞེད་པ་ནི་ཀླུ་སྒྲུབ་དགོངས་རྒྱན་གྱི་བརྗོད་སྙིང་གཙོ་བོ་ཡིན་ཏེ། བསྡུས་ཏེ་བརྗོད་ན། ཐ་སྙད་ཚད་གྲུབ་ཅེས་པ་ནི་སོ་སོ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པར་བརྗོད་ལ། དེ་ཉིད་མི་འདོད་པ་ནི་ཐ་སྙད་དུ་གང་སྣང་བསླུ་མེད་དུ་མྱོང་རུང་། མྱོང་བ་དེ་ཉིད་བརྟག་ཅིང་དཔྱད་ན་ཚད་གྲུབ་ཏུ་གཅིག་ཀྱང་མེད་པར་ཐམས་ཅད་རྫུན་གྱི་སྟེང་ནས་རྣམ་གཞག་སྣ་ཚོགས་བྱེད་པའོ། སྤྱོར་ཐ་སྙད་ཚད་གྲུབ་མི་བཞེད་པ་ནི་མཁས་དབང་དགེ་ཆོས་ཀྱི་གསར་བཏོད་ཅིག་མིན་པར་བོད་སྔ་རབས་ལུགས་འཛིན་སྟག་ལོ་སོགས་ནས་དེ་ལྟ་བུའི་ལྟ་བ་བཏོན་ཡོད་དེ། གྲུབ་མཐའ་ཀུན་ཤེས་ལས། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས།། མ་དག་འཁྲུལ་བའི་སྣང་བ་ཚད་གྲུབ་ཏུ། རིགས་པ་དུ་མ་དཔྱད་ནས་ཁས་ལེན་པ།། འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད།། ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ།། ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ།། རྗེས་དཔག་ཡོད་དང་བསྒྲུབ་ངག་མེད་པ་འགལ། མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ།། ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ།། ཞེས་རིགས་དྲུག་ཚད་མ་རྡོས་བཅད་ཚད་གྲུབ་འགལ་སོགས་བརྗོད་དེ་ཐ་སྙད་ཚད་གྲུབ་བཞེད་པའི་ལྟ་དགོངས་ལ་འགལ་བའི་ཁུར་ཆེན་བསྟུད་མར་བརྩེགས་པ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུན་མུད་ཕྲེང་མཛེས་ཞེས་པར། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་དེ་དག་དབུ་མ་པ་རང་གི་ལུགས་འཇོག་པ་ན་ཚད་མར་ཁས་བླང་དུ་མི་རུང་སྟེ། གལ་ཏེ་རུང་ན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་ཚད་མ་གོ་ཆོད་པོ་གཞན་གྱིས་གནོད་པར་ཐལ་བའི་ཕྱིར་རོ།། ཇི་སྐད་དུ། རྣམ་ཀུན་འཇིག་རྟེན་ཚད་མིན་དེའི་ཕྱིར།། དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད།། ཅེས་གསུངས་སོ་ཞེས་དབུ་མ་པ་རང་གི་ལུགས་ལ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོགརྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ། སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་ཞེས་ཐལ་འགྱུར་པའི་ལུགས་ལ་ཐ་སྙན་ཚད་གྲུབ་མི་བཞེད་པ་དང་། ཞེས་དང་། དེ་བཞིན་གོོ་རམས་པ་ནས་ཀྱང་དབུ་མ་འཇུག་པའི་འགྲེལ་བ་ལྟ་བ་ངན་སེལ་དང་ལྟ་བ་ཤན་འབྱེད་ཅེས་པའི་གཞུང་རྣམས་སུ་ཐལ་འགྱུར་བས་ཐ་སྙད་ཚད་གྲུབ་མི་བཞེད་ཚུལ་བརྗོད་ཡོད། གསང་སྔགས་སྔ་འགྱུར་བའི་ལུགས་འཛིན་འཇུ་མི་ཕམ་དང་དེའི་སློབ་བརྒྱུད་རྣམས་ཀྱང་ཐ་སྙད་ཚད་གྲུབ་བཞེད་པ་ལ་སྐྱོན་བརྗོད་བྱས་ཡོད་དེ། ངེས་ཤེས་སྒྲོན་མེ་ལས། ཀ་བ་ཀ་བས་མི་སྟོང་དང་།། ཆོས་ཉིད་ཀ་བས་སྟོང་ངོ་ཞེས། སྟོང་གཞི་བཞག་ནས་གཞན་སྟོང་པ། ཚིག་དང་དོན་གྱི་གཞན་སྟོང་གཉིས། ཞེས་ཆོས་ཅན་ཀ་བ་མི་སྟོང་པ་ཆོས་ཉིད་ཀ་བའི་བདེན་གྲུབ་སྟོང་པ་ཞེས་པ་ནི་ཚིག་དང་དོན་གྱི་གཞན་སྟོང་དུ་འགྱུར་འདུག་ཅེས་ཟུར་ཟ་བའི་ཆ་ནས་ཐ་སྙད་ཚད་གྲུབ་མི་བཞེད་པའི་ལུགས་ལ་འཐད་པའི་འདེམ་ཤོག་འཕངས་པ་ལྟ་བུའོ།། ལུང་རིགས་དཔེ་གསུམ་གྱི་སྒོ་ནས་ཐ་སྙད་ཚད་གྲུབ་རྒྱ་ཆེར་འགོག་མཁན་ནི་དགེ་འདུན་ཆོས་འཕེལ་ཚང་ལགས་ཏེ། ཀླུ་སྒྲུབ་དགོངས་རྒྱན་དུ། རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་རང་གི་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་པ་ལས། རྩ་བ་གཞན་ཅི་ཡང་མེད་ཅེས་པ་ནས་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཞེས་པའི་བར་དུ་ཐ་སྙད་ཚད་གྲུབ་འདོད་མི་ནུས་ཚུལ་དང་འདོད་ན་སྐྱོན་འབབ་ཚུལ་ལུང་གི་རྒྱབ་རྟེན་ཡོད་ཐོག། དངོས་སྟོབས་རིག་པ་གཙོ་བོ་བྱས་ཏེ་རྒྱུ་མ་ཕུ་དེད་ཀྱི་ཚུལ་དུ་རྒྱ་ཆེར་སྤྲོས་ཡོད། རང་ཅག་གིས་གང་ཚད་གྲུབ་ཏུ་ཐག་བཅད་ཚད་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་ཞིག་ཏུ་དཔྱད་ཚེ་རང་རང་གི་བློ་ལ་ཚད་མར་བཅོལ་བ་མ་གཏོགས་གཞན་ཅི་ཡང་མི་སྣང་ཚུལ་དེ་རྫིགས་རྫིགས་ཇི་ལྟར་བཤད་ཀྱང་སེང་གེའི་དཔང་པོ་སྟགསྟག་གི་དཔང་པོ་གཡག་དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་བོ་ལ་འབུ་བཙུགས་འདུག་པའི་དཔེ་ངོ་མཚར་བ་དག་བཀོད་ནས་ཟབ་རྒྱས་གོ་དཀའ་བའི་དབུ་མའི་དཀའ་གནད་དེ་ཉིད་རང་བཞིན་གྱི་གླེང་མོལ་ལྟར་བརྗོད་པས་ཀུན་གྱིས་འཇུག་བདེ་བ་ལྟར་བྱས་སོ།། དེས་ན་ཀླུ་སྒྲུབ་དགོངས་རྒྱན་གྱི་གཞུང་འདིའི་རྩ་བའི་འཛིན་ས། རྩ་བ་དེ་ཉིད་གསལ་པོར་བསྟན་པའི་གཞུང་གི་སྒྲིག་གཞི། གཞི་རྩ་བ་དེ་ལས་གྱེས་པའི་འབྲེལ་ཡོད་ཀྱི་ཆ་ལག་སོགས་དབུ་ནས་ཞབས་སུ་བསྡུ་བའི་དོན་ཐམས་ཅད་ལ་དམིགས་ཏེ་བརྗོད་ན། སྤྱིར་ཐ་སྙད་ཚད་གྲུབ་མི་བཞེད་མཁན་སྔ་ཐབས་ལུགས་འཛིན་གོ་ཤཱཀ་སྟག་གསུམ་སོགས་ཡོད་མོད་ཀྱང་། དགེ་འདུན་ཆོས་འཕེལ་ནས་ཚུལ་ལུགས་དེ་ཉིད་སྟབས་བདེའི་རྗེས་ཟློས་བྱས་པ་ཙམ་མིན་པར་རང་གི་ཁྱད་ཆོས་མངོན་པར་ཕྱུག་པས་ན། ཐ་སྙད་ཚད་གྲུབ་མི་འདོད་པའི་ཐད་ལ་ཚབ་མཚོན་རང་བཞིན་ཅན་གྱི་མི་སྣ་ནི་མཁས་དབང་འདི་པ་བརྩིས་རུས་ལ། ཕྱོགས་འདི་ཡིས་དགེ་ཆོས་གངས་ཅན་བསམ་བློ་བ་ཆེན་པོ་བཅུ་ཡི་ཡ་གྱལ་དུ་རིགས་སྨྲ་འབྲོང་བུ་སོགས་ཀྱིས་བགྲངས་འདུག་པ་དེའང་རྒྱུ་མཚན་ཅན་དུ་སྣང་ངོ་།།
དེ་ཡང་བོད་སྔ་རབས་ཀྱི་ལུགས་སུ་སོང་བའི་ཐ་སྙད་ཚད་གྲུབ་མི་བཞེད་པའི་ལྟ་དགོངས་འདི་ཀོ་ཕྱིས་བྱོན་སྟོང་ཉིད་སྨྲ་བའི་ཁྱུ་མཆོག་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་དགག་བྱ་ཁྱབ་ཆེའི་སྐྱོན་དུ་མཐོང་སྟེ་ལེགས་བཤད་ལྔ་དང་ཁྱད་པར་དུ་བྱང་ཆུབ་ལམ་རིམ་ནང་དུ་བཀག་ཡོད་པ་ལ།། སྔ་རབས་ལུགས་འཛིན་སྟག་ལོ་ནས་རྗེའི་ལྟ་བ་ལ་འགལ་ཁུར་བཅོ་བརྒྱད་བརྩེགས་པའི་བརྒལ་བརྟག་ཕུལ། དེ་ལའང་རྗེའི་སློབ་བརྒྱུད་སེ་ར་རྗེ་བཙུན་དང་འཇམ་དབྱངས་དགའ་བློ། འཇམ་དབྱངས་བཞད་པ་སོགས་ནས་རྗེའི་ལྟ་བ་འཐད་ལྡན་དུ་སྒྲུབ་པའི་ཆ་ནས་གཞན་ལུགས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་སྐྱོན་གྱི་ཕུང་པོར་བཏང་ཡོད། དགེ་ཆོས་ནས་སྔ་རབས་ལུགས་འཛིན་རྣམས་ཀྱི་ལྟ་བ་དང་ལྟ་བ་དེ་ཉིད་གཏན་ལ་འབེབས་པའི་རིགས་པ་ལ་ཡིན་རབ་ཕྱོགས་ཅིང་རྗེའི་སློབ་བརྒྱུད་དུ་གཏོགས་པའི་མཁས་པ་རེ་ཟུང་གིས་རྗེའི་ལྟ་བའི་འཛིན་མཚམས་གོལ་བར་མཐོང་སྟེ་ཟུར་ཟ་དང་དོགས་སློང་ཚུལ་གྱིས་ཐ་སྙད་ཚད་གྲུབ་འདོད་མི་རིགས་ཚུལ་རྩལ་དུ་བཏོན་ཏེ་བརྗོད་ཡོད། དགེ་འདུན་ཆོས་འཕེལ་གྱི་ཐ་སྙད་ཚད་གྲུབ་མི་བཞེད་པའི་འདོད་ཚུལ་དེ་སྟག་ལོའི་ཚད་མ་མི་འདོད་པ་དང་ཚད་གྲུབ་མི་བཞེད་པ་ལས་གསལ་ཁ་ཆེ་ཞིང་འཇུ་མི་ཕམ་སོགས་སྔ་འགྱུར་ལུགས་འཛིན་པའི་ཚད་མའི་ལྟ་དགོངས་ལས་ཀྱང་ཐལ་ཆེ་བའི་ཚུལ་དུ་སྣང་སྟེ། སྟག་ཚང་ལོ་ཙཱ་བས། འོན་ཀྱང་ཐ་སྙད་ཚད་གྲུབ་འདོད་ན་ནི།། རང་རྒྱུད་འཐད་ཕྱིར་རྒྱ་བོད་མཁས་མང་བཞེད།། འདི་ཡང་ཀུན་རྫོབ་མ་བཏགས་ཉམས་དགའི་ངོར།། འཇོག་ཅེས་གསུངས་ཀྱང་རྟོག་གེར་གོམས་ཆེས་པས།། མཐུན་སྣང་རྟེན་འབྲེལ་བཏགས་བྲལ་མ་ཚང་ན།། བློས་བཏགས་ཙམ་ལ་བྱ་བྱེད་མཁྱེན་པས།། སྟོང་དང་བརྟེན་འབྱུང་དོན་གཅིག་མཚན་ཉིད་ལ།། ཅུང་ཟད་འཁྲུལ་ཕྱིར་དབུ་མ་ཆེན་པོ་མིན།། འོན་ཀྱང་དོན་དམ་རིགས་པས་དཔྱད་བཟོད་འགོག། སྤྲོས་པ་ཉེར་ཞི་མཐར་ཐུག་དོན་དམ་དང་། སྐྱེ་མེད་རྣམ་གྲངས་པར་བཞེད་མཐའ་བྲལ་ཕྱིར།། དངོས་སྨྲ་ལས་ལྷག་དུབ་མ་ཁོ་ནའོ།། ཞེས་གསུངས་པ་ལྟར་ཐ་སྙད་ཚད་གྲུབ་འདོད་པ་ནི་དབུ་མ་རང་རྒྱུད་པའི་ལྟ་བ་ལས་ཐལ་འགྱུར་བའི་ལྟ་བ་མིན་པ་བརྗོད་པ་དང་། དེ་བཞིན་བོད་པ་སྤྲུལ་སྐུས་ལྟ་གྲུབ་ཤན་འབྱེད་དུ། རིགས་དེ་ཐ་སྙད་ཙམ་དུ་ཡང་།། སྐྱེ་སོགས་དཔྱད་བཟོད་མེད་པར་སྒྲུབ། ཅེས་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་དེས་ནི། ཐ་སྙད་ཙམ་དུ་ཡང་སྐྱེ་སོགས་སྤྲོས་པའི་སྣང་བ་དཔྱད་བཟོད་མེད་པར་བསྒྲུབ་པར་བྱེད་ཅེས་བརྗོད་པ་ལྟ་བུ་དང་། འཇུ་མི་ཕམ་ནས་དོན་རྣམ་ངེས་ཤེས་རབ་རལ་གྲིར།། དོན་དམ་ལ་ཡང་རྣམ་གྲངས་དང་།། རྣམ་གྲངས་མིན་པའི་ཚུལ་གཉིས་ཀྱིས། དེ་འཇལ་དོན་དམ་དཔྱོད་བྱེད་ཀྱི།། ཚད་མ་དེ་ཡང་གཉིས་སུ་འགྱུར།། ཞེས་གསུངས་པ་ལྟར། དོན་དམ་ལ་ཡང་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཕྱེས་ཏེ། རང་རྒྱུད་པས་དོན་དམ་གཏན་ལ་འབེབས་པའི་སྐབས་སུ། བདེན་གཉིས་སོ་སེར་མ་ཕྱེས་པར་ཀུན་རྫོབ་བམ་ཐ་སྙད་ཀྱི་སྣད་བ་བཀག་སྟེ་ཁས་མ་བླངས་ན་ཆད་ལྟར་འགྱུར་གྱི་དོགས་པས། བདེན་གཉིས་སོ་སོར་དབྱེ་སྟེ་ཐ་སྙད་ཀྱི་སྣང་བ་མི་འགོག་པར་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་ཏེ། ཆོས་ཅན་ཀ་བ་མི་འགོག་པར་ཆོས་ཉིད་ཀ་བའི་བདེན་གྲུབ་བཟློག་དགོས་པར་བརྗོད་ནས་རྣམ་གྲངས་པའི་དོན་དམ་ཙམ་བསྒྲུབ་ཅིང་། ཐལ་འགྱུར་བས་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་བདེན་གཉིས་སོ་སོར་མ་ཕྱེས་ཏེ་ཀུན་རྫོབ་ཐ་སྙད་ཀྱི་སྣང་བ་ཐད་ཀར་མ་བཀག་ན། བདེན་གྲུབ་ཏུ་འགྱུར་བའི་ཕྱིར་དང་བདེན་གཉིས་མ་ཕྱེ་བར་ཐ་སྙད་ཀྱི་སྣང་བ་ལ། བདེན་གྲུབ་སོགས་ཀྱི་ཁྱད་པར་གང་ཡང་མི་སྦྱོར་བར་ཀ་བ་ཀ་བས་སྟོང་པར་བརྗོད་དེ་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བསྒྲུབ་པ་མཛད་དོ།། དེས་ཐ་སྙད་ཚད་གྲུབ་བཞེད་པ་ནི་རང་རྒྱུད་པའི་རྣམ་གྲངས་དོན་དམ་དུ་བརྗོད་ལ། ཐ་སྙད་ཚད་གྲུབ་མི་བཞེད་པ་ནི་ཐལ་འགྱུར་བའི་རྣམ་གྲངས་མ་ཡིན་པའི་དོན་དམ་དུ་བཞེད་དོ།། དགེ་འདུན་ཆོས་འཕེལ་ནས་དེ་ལྟ་བུའི་ཆ་རྐྱེན་གང་ཡང་སྦྱར་མི་དགོས་པར་ཐལ་འགྱུར་བའི་ལུགས་ལ་མཐའ་གཅིག་ཏུ་ཐ་སྙད་ཚད་གྲུབ་མི་བཞེད་སྟེ། འཁོར་བའི་ཡུལ་འདིར་ཇི་སྲིད་གནས་པ་དེ་སྲིད་དུ་ཐག་བཅད་ཚད་ཐམས་ཅད་ཡིད་བརྟན་མེད་པའི་བློ་འདི་ལ་ཡིད་བརྟན་བྱས་ནས་ཐག་གཅོད་པ་ཙམ་ལས་ཐབས་གཞན་ཅི་ཡང་མེད་པ་ཞེས་དང་། དེའི་ཕྱིར་དོན་དམ་པའི་དཔྱད་པ་ལྷུར་ལེན་རང་ཅག་ཐག་བཅད་ཚད་ཐམས་ཅན་རྩ་བ་ནས་མེད་པའི་བློ་བཟོ་ཤ་སྟག་ཡིན་པ་ལ་ཆ་འཇོག་དགོས་ཞེས་དང་། རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་། རང་གི་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་ཙམ་ལས། རྩ་བ་གཞན་ཅི་ཡང་མེད་ཅེས་དང་། དེས་ན་རང་ཅག་ཐོག་མ་མེད་པ་ནས་མ་རིག་པའི་སྨྱོ་ཆུ་བཏུང་བཏུང་བའི་སྨྱོན་པ་ཆེན་པོ་གཅིག་གིས། ཡོད་མེད། ཡིན་མིན་ཐག་བཅད་པ་ལ་ཡིད་བརྟན་ཅི་ཡང་མེད་ཅིང་། སྨྱོན་པ་དེ་འདྲ་བརྒྱ་སྟོང་ཁྲི་འབུམ་ཁ་མཐུན་ཀྱང་ཁུངས་བཙན་དུ་འགྲོ་རྒྱུ་ཅི་ཡང་མེད་ཅེས་པ་སོགས་ཀྱིས་མཚོན། སྣང་སྲིད་ཀྱི་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་གི་ཟོལ་ལ་བརྟེན་ཏེ་སྣང་བ་ཙམ་ལས་བརྟག་ཅིང་དཔྱད་ན་གཅིག་གི་རྫུན་ཁུངས་གཅིག་གིས་བརྡོལ་བའི་ཕྱིར་ན་ཐ་སྙད་ཚད་གྲུབ་ཅིག་ནམ་ཡང་བཞག་ཏུ་མེད་པར་བརྗོད་དོ།། བོད་ཕྱི་རབས་པ་ན་རེ། ཐ་སྙད་ཚད་གྲུབ་མ་བཞེད་ན། དགག་བྱ་ཁྱབ་ཆེས་ཆད་ལྟར་ལྷུང་བ་དང་། རྟེན་འབྲེལ་ལ་ཡིན་རྟོད་མེད་པར་འགྱུར་རོ་ཞེས་དང་། བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་གྲུབ་ཀྱིས་སྟོང་། རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན། ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན་ཞེས་བརྗོད་དེ་དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྤྱོར་དགོས་པའི་རྣམ་གཞག་མཛད། དགེ་འདུན་ཆོས་འཕེལ་ནས་ཚུལ་དེ་ཐུགས་ལ་མ་སོང་བས་ཀླུ་སྒྲུབ་དགོངས་རྒྱན་དུ། ཡིད་ཀྱིས་མེད་པར་ཐག་ཆོད་ཅིང་།། མིག་གིས་ཡོད་པར་མཐོང་བའི་ཚེ། ཞྭ་སེར་མཁན་པོས་མ་བསླབ་ཀྱང་། སྒྱུ་མའི་བློ་ལས་གཞན་ཅི་འབྱུང་། ཞེས་པ་སྟེ། བུམ་པ་ཀ་བ་སོགས་རིགས་པས་དགག་ན་ཐམས་ཅད་མེད་པར་ལྟ་བའི་ཆད་ལྟ་སྐྱེ་འགྲོ་སྙམ་པའི་འཇིག་པ་ནི་དོན་མེད་པའི་སེམས་ཁྲལ་ཏེ། སྤྱིར་མདུན་པ་མཐོང་བཞིན་པའི་བུམ་པ་འདི་གཏན་པས་མེད་སྙམ་པའི་ཆད་ལྟ་ཞིག་སོ་སྐྱེ་རང་ག་བ་ལ་སྐྱེ་བར་མི་སྲིད་མོད། གལ་ཏེ་དེ་འདྲའི་བློ་ཞིག་སྐྱེས་ན་བུམ་པ་མཐོང་རྒྱུ་ཡོད་པ་དང་རེག་རྒྱུ་ཡོད་པ་དངོས་སུ་ཤེས་པས། ཤེས་བཞིན་པ་འདི་ཀོ་གཏན་ནས་མེད་དོ་སྙམ་པ་ཞིག་ཤར་ཐུབ་ན། དེ་ནི་ཆད་ལྟ་མིན་གྱི་སྣང་ལ་སྣང་བ་ལྟར་དུ་མེད་པར་འཛིན་པའི་སྣང་སྟོང་གཉིས་ཚོགས་ཀྱི་དབུ་མའི་ལྟ་བ་ཡིན་པར་བརྗོད་པ་དང་། ཡང་དེ་ལས། དེའི་ཕྱིར་རིགས་པའི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་འགོག་རྒྱུ་དེ། བུམ་པ་འགོག་དགོས། ཀ་བ་འགོག་དགོས། ཡོད་པ་འགོག་དགོས། མེད་པ་འགོག་དགོས། བུམ་པ་བཞག་ནས་བུམ་པ་བདེན་གྲུབ་བྱ་བ་ཞིག་ཏུ་འགོག་དགོས་ཟེར་བ་འདི་ཚིག་སྐམ་ཁ་ལ་བྱང་བའི་མཁས་པ་འགའ་ཞིག་གི་ངག་སྒྲོས་ཙམ་ཡིན་ཞེས་དང་། ཚུལ་འདི་ནི་སྔ་རབས་པའི་མཁས་པ་རྣམས་སུ་མ་ཟད། དགེ་ལྡན་ཕྱོགས་ཀྱི་མཁས་གྲུབ་ཉམས་མྱོང་ཅན་ཚོས་ཀྱང་གསལ་བ་དགོངས་འདུག་སྟེ། དཔེར་ན་ལྕང་སྐྱ་རིན་པོ་ཆེས། སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་འདུག་སྟེ། སོགས་མ་མཉེས་པའི་གསུང་བྱུང་བ་བཞིན། གུང་ཐང་བསྟན་པའི་སྒྲོན་མེ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་སོ། ཞེས་དང་། རྗེ་བླ་མ་རང་གི་ཞལ་ནས། སྟོང་ཉིད་མ་རྟོགས་བར་དུ། ཡོད་པ་ཙམ་དང་། བདེན་པར་ཡོད་པའི་ཁྱད་པར་ནམ་ཡང་ཕྱེ་མི་སྲིད་ཅིང་དེ་བཞིན་བདེན་པ་མེད་པ་དང་། མེད་པ་ཙམ་གྱི་ཁྱད་པར་ཡང་འབྱེད་མི་ནུས་ཞེས་གསུངས་ཤིང་ཐལ་རང་ལ་ཆོས་ཅན་མཐུན་སྣང་བ་མེད་པའི་རྒྱུ་མཚན་མཐར་ཐུག་ཀྱང་དེ་ཡིན་པར་གསུངས་པས། ལྟ་བ་མ་རྟོགས་གོང་དུ་བདེན་གྲུབ་ཟུར་དུ་ངོས་ཟིན་པ་ག་ལ་སྲིད། དེས་ན་དགག་བྱ་ངོས་འཛིན་ཁུལ་བྱས་པ་དེ་ལ་ཡིད་རྟོན་ག་ལ་ཡོད་ཅེས་བརྗོད་པ་བཞིན། གསར་ཕྱོགས་ཀྱི་མཁས་པའི་ངག་སྒྲོན་ནས་བྱུང་བའི་ཀ་བ་ཀ་བས་མི་སྟོང་ཀ་བ་བདེན་གྲུབ་ཀྱིས་སྟོང་། བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་ཅན་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་འདི་ཀོ་རྗེ་རིན་པོ་ཆེའི་གསུང་གི་ཚིག་ཟིན་ལ་མེད་པར་ཕྱིས་བྱོན་སློབ་བརྒྱུད་ལ་ལས་རྗེའི་ལྟ་བ་གསལ་ཁ་འདོན་སྐབས་བརྗོད་པ་ཡིན་པ་སོགས་ལྕང་སྐྱའི་གསུང་ལས་རྗེས་སུ་དཔོག་ནུས་སོ།། ཀུན་རྫོབ་ཐ་སྙད་ཀྱི་སྣང་བ་ཚད་གྲུབ་ཏུ་མེད་པར་ཐད་ཀར་འགོག་འོས་པའི་ཚུལ་དེ་སྔ་འགྱུར་ལུགས་འཛིན་བོད་པ་སྤྲུལ་སྐུ་ནས་ཀྱང་ལྟ་གྲུབ་ཤན་འབྱེད་དུ་འདི་ལྟར་གསུངས་འདུག་སྟེ། དོན་དམ་རྣམ་གྲངས་དཔྱོད་པའི་སྐབས།། བདེན་གཉིས་ཕྱེས་ཏེ་ཀུན་རྫོབ་ཀྱི། སྣང་བ་མི་འགོག་དགག་བྱ་ལ། ཁྱད་པར་སྦྱར་ཏེ་བདེན་གྲུབ་འགོགདེའི་ཕྱིར་ཡང་དག་དོན་དམ་ངོར།། བསྒྲུབ་བྱ་བདེན་སྟོང་རྣམ་གྲངས་ཙམ། བསྒྲུབ་འདི་རང་རྒྱུད་ལྟ་བ་སྟེ།། ཞེས་དང་། རིགས་པའི་དགག་བྱ་ཁྱབ་ཆེ་བས།། ཆད་ལྟར་འགྱུར་གྱི་དོགས་པ་སྟེ། རྟེན་འབྱུང་མི་ཤེས་དངོས་སྨྲ་ལས།། དབུ་མར་སྨྲ་རྣམས་དོགས་མི་འཚལ། ཞེས་དང་། ཕྱི་འགྱུར་ལ་ལ་འདི་རྗེས་མཐུན།། སྣང་བ་བཀག་ན་ཆད་ལྟ་ཟེར།། ཚུར་མཐོང་ཙམ་ཞིག་མཁྱེན་པར་ཟད། དགག་བྱ་བདེན་གྲུབ་ཡན་གར་འགོག། དགག་བྱའི་སྣང་ཚུལ་ངེས་སོ་ལོ།། ཞེས་པ་སོགས་ཏེ། ཀུན་རྫོབ་སྣང་བ་ཐད་ཀར་མི་འགོག་པར་དགག་བྱ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་ནི་རྣམ་གྲངས་པའི་དོན་དམ་ཙམ་སྒྲུབ་པར་བྱེད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་ཡིན་ཏེ་ཐལ་འགྱུར་བའི་བཞེད་དགོངས་མིན་པ་དང་། ཆད་ལྟར་འགྱུར་གྱི་དོགས་ཏེ་དགག་བྱར་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་འདི་ཚུར་མཐོང་ཚད་མའི་ལུགས་ཙམ་ཞིག་མཁྱེན་པར་ཟད་དོ།།
ཐ་སྙད་ཚད་གྲུབ་ཁས་མ་བླངས་ཀྱང་རྟེན་འབྲེལ་ལ་ཡིད་རྟོན་མེད་པར་མི་འགྱུར་བའི་ཚུལ་འདི་ཀླུ་སྒྲུབ་དགོངས་རྒྱན་དུ་དགེ་ཆོས་གོ་སླ་བའི་དཔེ་ལ་སྦྱར་ནས་འདི་ལྟར་གསུངས་ཡོད་དེ། སྤྱིར་ཚད་མས་གྲུབ་པ་བྱ་བ་འདི་ཀུན་རྫོབ་ཀྱི་སྣང་བར་རགས་པ་རྣམས་ཕྲ་ཞིང་ཞིབ་ཏུ་བཏང་བའི་དགོས་པ་རྒྱ་ཆེན་པོ་འདིའི་ཆེད་དུ་མཁས་པ་རྣམས་ཀྱིས་ཚུལ་གསུམ་གྱི་རིགས་པས་གྲུབ་པ་བྱ་བ་དང་དོན་གཅིག་ཅིང་། དོན་ལ་ཀུན་བཏགས་ཀྱི་མ་རིག་པའི་ཡུལ་གྱི་ཁྱད་པར་འགའ་ཞིག་དགོས་པ་རྒྱ་ཆེན་པོའི་དོན་དུ་མཁས་པ་རྣམས་ཀྱིས་རྟོག་གེའི་རིགས་པས་ཆེས་གསལ་དུ་བཏང་བ་ཞིག་འདུག་ལ། སྤྱིར་ཚད་གྲུབ་བྱ་བ་དང་། ཡིད་ཆེས་པ། བསླུ་མེད། བསྙོན་མེད་སོགས་རྟོགས་གེའི་རིག་པས་སྣོན་པ་བཏབ་མ་བཏབ་ཙམ་གྱི་ཁྱད་པར་ལས། རིགས་དྲུག་ཀུན་གྱི་རྒྱུ་ལ་རང་བྱུང་དུ་ཡོད་པའི་ཀུན་རྫོབ་ཀྱི་རྣམ་ཤེས་འདི་ཁ་ཕྱོགས་བསྒྱུར་ལུགས་ཀྱིས་སྣང་བ་ཙམ་གྱི་ཁྱད་པར་ལས། རིགས་དྲུག་ཀུན་གྱི་རྒྱུ་ལ་རང་བྱུང་དུ་ཡོད་པའི་ཀུན་རྫོབ་གྱི་རྣམ་ཤེས་འདི་ཁ་ཕྱོགས་བསྒྱུར་ལུགས་ཀྱིས་སྣང་བ་ཙམ་ལས་གཞན་དུ་མེད་ཅིང་། བུ་ཡི་ལག་པ་མེ་དང་ཕྲད་ན་ཨ་ཚ་ཚ་ཟེར་བ་དེ། བསླུ་མེད། བསྙོན་མེད་ཁས་ལེན་སོགས་ཡིན་ལ། ཕ་ཡིས་མེ་ཚ་བ་ཡིན། ལག་པ་ཤ་ཡིན་པས་མེ་ལ་ཐུག་ན་ཚ་སོགས་རྒྱུ་མཚན་དང་སྦྱར་བའི་བཀའ་བཀྱོན་གནང་བ་དེ་ལུང་རིགས་ཀྱི་ཚད་མས་གྲུབ་ལུགས་ཡིན། དེས་ན་ཇི་སྲིད་ས་རྡོ་རི་བྲག་ལ་སོགས་པའི་སྣང་པའི་སྣང་བ་འདི་དག་མ་ཡལ་བ་དེ་སྲིད་དུ་མཆོག་གསུམ་རྒྱུ་འབྲས་རྟེན་འབྲེལ་ལ་སོགས་པའི་སྣང་བ་ཡང་ཡལ་བའི་དོན་མེད་ལ། དགོས་པའི་སྣང་བ་སྔོན་དུ་ཡལ་ནས། མི་དགོས་པའི་སྣང་བ་རྗེས་སུ་ལུས་ན་སོ་སོའི་སྐྱེ་བོ་ཆོས་མེད་ཐ་ཤལ་བའི་རང་བཞིན་རང་བཞིན་ལས་འོས་ཅི་ཡོད། ཅེས་གོ་བ་ཆུ་ཐུབ་ཀྱི་རིགས་པ་དཔེ་ལ་དྲངས་ཏེ་བརྗོད་པ་དང་། ཚུལ་དེ་ཡང་བོད་པ་སྤྲུལ་སྐུ་ནས། སྣང་བ་དཔྱད་བཟོད་བདེན་པ་གཉིས་ཆར་འགོགརྟེན་འབྱུང་སྣང་བའི་ངང་ཚུལ་འགོག་མ་ལགས། ཞེས་པ་སྟེ། ཇི་ལྟར་སྣང་བ་དེ་ཉིད་སྟོང་པར་ངེས་དགོས་པས་ན། སྣང་བ་དཔྱད་བཟོད་དུ་འགྱུར་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཞལ་གྱིས་མི་བཞེས་པའི་སྒོ་ནས་འགོག་པར་མཛད་དགོས་མོད་ཀྱང་། སྣང་བ་སྟོང་པར་གཏན་ལ་ཕབ་ཟིན་པའི་ལག་རྗེས་ལ་ཤར་རྟེན་འབྱུང་སྣང་བའི་ངང་ཚུལ་ནམ་ཡང་འགོག་པར་མཛད་པ་མ་ལགས་པར་བརྗོད་ཅིང་རང་རྒྱུད་པ་སོགས་ཀྱིས་དོན་དཔྱོད་ཚད་མས་སྟོང་རྟེན་འབྱུང་དུ་མ་ངེས་གོང་དུ། སྣང་བ་མི་འགོག་པར་དེའི་སྟེང་གི་བདེན་གྲུབ་སོགས་འགོག་པ་དང་། ཐལ་འགྱུར་བས་སྣང་བ་དེ་ཉིད་སྟོང་པར་གཏན་ལ་ཕབ་ཟིན་པའི་རྗེས་སུ་སྟོང་པ་རྟེན་འབྱུང་དུ་ངེས་པའི་སྣང་པའི་སྣང་བ་ཙམ་ཐ་སྙད་དུ་མི་འགོག་པ་སོགས་ཚུལ་དེ་ཇི་བཞིན་རྟོགས་ན་གཞན་དཀའ་བའི་གནད་ཀྱི་མདུད་རྒྱ་རང་གྲོལ་དུ་འགྱུར་བར་བརྗོད་དོ།།
དེ་ཡང་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཚུལ་ལུགས་སྤྱིར་དགེ་ལྡན་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེས་དབུ་མའི་གཞུང་ལུགས་སམ་ལྟ་བའི་སྐོར་འཆད་སྐབས་མི་འཐད་པའི་ཚུལ་བརྗོད་ཅིང་། དགེ་བཤེས་ཤེས་རབ་རྒྱ་མཚོ་ནས་ཚུལ་དེ་ཉིད་འབེན་དུ་བཀོད་ནས་དགག་པ་རྒྱ་ཆེར་མཛད་ཡོད་དེ། མི་འཇིགས་སེང་གེའི་ང་རོ་རུ། དགག་བྱ་ཁྱབ་ཆེ་སྤྱི་དང་ཁྱད་པར་དུ། སྟག་ལོ་ལྟ་བུའི་ཚད་མ་མེད་པ་དང་། ཚད་མས་གྲུབ་པ་མེད་པའི་ལུགས་ངན་ལ།། འགལ་བ་སྟོང་གི་ཐོག་སེར་འཇུག་པའི་ཕྱིར། རྨི་ལམ་དུ་ཡང་དག་པ་མེ་སྟེར་རོ།། ཞེས་དང་། ཐ་སྙད་བདེན་པ་མི་འདོད་ཆད་ལྟ་དང་།། འཕུར་བྱེད་གཤོག་ཡ་གཅིག་པའི་མཁའ་ལྡིང་ཞེས། ཞེས་དང་། རྒྱུ་འབྲས་རྟེན་འབྲེལ་འགོག་པའི་སྤྲོས་བྲལ་ལས།། ཞྭ་སེར་ཆད་ལྟ་དུས་གསུམ་རྒྱལ་བའི་འོད། ཐ་སྙད་ཚད་གྲུབ་འགོག་པའི་སྤྲོས་བྲལ་ལས།། ཇོ་ནང་རྟག་བརྟན་ཕུན་ཚོགས་སྟོང་གིས་འཕགས།། ཞེས་དང་། ཐལ་འགྱུར་སྨྲ་བས་ཚད་གྲུབ་མི་བཞེད་ཅེས། ཐལ་འགྱུར་ལུགས་བཟང་ལོག་པ་སྨྲ་བ་རྣམས། ཐལ་འགྱུར་བ་དང་དཔག་ཚད་བྱེ་བས་རིང་། ཞེས་ཐ་སྙད་ཚད་གྲུབ་མི་བཞེད་ན་འགལ་བའི་ཁུར་ཆེན་གྲངསམེད་ཁུར་དགོས་པའི་ཚུལ་བསྟན་པ་དང་ཆབས་ཅིག་ཏུ། ཐ་སྙད་དུ་ཡོད་ཅེས་བདེན་གྲུབ་འགོག།། དེ་སྣང་བས་ཡོད་མཐའ་སེལ་ཚུལ་ཡིན།། དོན་དམ་དུ་མེད་ཅེས་གཏན་མེད་འགོག། དེ་སྟོང་པས་མེད་མཐའ་སེལ་ཚུལ་ཡིན།། ཞེས་དང་། དཔྱད་ན་ཏིལ་འབྲུའི་ཆ་ཡང་མི་རྙེད་དེ།། བརྟག་བཟོད་ཁས་ལེན་བྲལ་བ་དངོས་པོའི་གཤིས། ཐ་སྙད་རྟེན་ཅིང་འབྲེལ་འབྱུང་མི་བསླུ་བས། ཡོད་ཀྱང་བདེན་པར་མེད་པ་ཀླུ་སྒྲུབ་ལུགས།། ཞེས་དང་། ཀུན་རྫོབ་སྣང་བས་སྟོང་བ་མི་འགོག་ཡིན།། དོན་དམ་སྟོང་པས་སྣང་བ་མི་འགོག་པའི།། བདེན་གཉིས་འགལ་མེད་ཟུང་འཇུག་འོད་སྣང་གིས།། མཐའ་བྲལ་དབུ་མའི་ལམ་བཟང་གསལ་བར་བྱས། ཞེས་སོགས་རྒྱབ་རྟེན་གྱི་ལུང་དང་རྣམ་དཔྱོད་ཆེན་པོའི་ལུགས་ཀྱི་རིགས་ལམ་གྱིས་དགེ་ལྡན་ལུགས་བཟང་གི་ཕྱོགས་འདིའི་བཞེད་པ་ཆེས་གསལ་བར་བྱས་སོ།།
གསུམ། དབུ་མ་བ་ལ་ཁས་ལེན་མེད་པའི་སྐོར།
དེ་ཡང་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཤེས་བྱ་བདེན་པ་གཉིས་སུ་ངེས་ཤིང་ཤེས་བྱེད་ལ་ཚད་མ་གཉིས་སུ་ཁ་ཚོན་བཅད་དེ། ཤེས་བྱེད་གང་གི་ངོར་ཤེས་བྱ་གང་ཚུལ་ཇི་ལྟར་ཁས་ལེན་མི་ལེན་སོགས་རྣམས་དབྱེ་ཞིབ་མོའི་སྒོ་ནས་དབུ་མ་བ་ལ་ཁས་ལེན་ཡོད་མེད་ཀྱི་གནད་དོན་འདི་བྱུང་། སྔ་རབས་ཀྱི་མཁས་དབང་རྣམས་ལས་ཕྱོགས་འདིར་ཚབ་མཚོན་རང་བཞིན་གྱི་བཞེས་པ་སྟེ། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པའི་བུ་ཆེན་བཞི་བྱོན་པ་ལས་ཚིག་དོན་གཉིས་ཀར་མཁས་པ་རྨ་བྱ་བྱང་བརྩོན་ནས་དབུ་མ་ཐལ་འགྱུར་བ་ལ་ཐ་སྙད་ཀྱི་རྣམ་གཞག་ཁས་ལེན་ཡོད་པར་འདོད་པ་དང་། དོན་ལ་མཁས་པ་གཙང་པ་ས་སྦོས་ནས་ཁས་ལེན་མེད་པར་འདོད་པའོ། རྨ་བྱ་བྱང་བརྩོན་གྱི་སློབ་བརྒྱུད་དུ་བུ་སྟོན་རིན་ཆེན་གྲུབ། རྗེ་བཙུན་རེད་མདའ་བ། གནས་རྙིང་པ། ཡར་འབྲོག་པ་རིན་ཆེན་ཏོགརྗེ་བཙུན་ཙོང་ཁ་པ་ལྟ་བུ་ཟབ་མོ་དབུ་མ་འཆད་པའི་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་ཏེ་ཐ་སྙད་ཀྱི་རྣམ་གཞག་ཁས་ལེན་ཡོད་པར་སྒྲུབ་ཅིང་། ཁྱད་པར་དུ་རྗེ་བཙུན་བློ་བཟང་གྲགས་པ་ནས་ཇི་སྐད་དུ་རྟེན་འབྲེལ་བསྟོད་པ་ལས། འབད་པ་དུ་མ་མཁས་པ་ཡི། རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། དགོངས་པ་ཡང་དང་ཡང་དུ་བཙལ།། དེ་ཚེ་རང་གཞན་སྡེ་བ་ཡི།། གཞུང་མང་དག་ལ་སྦྱངས་པ་ན། ཕྱི་ཕྱིར་ཐོ་ཆོམ་དྲ་བ་ཡིས།། བདག་གི་ཡིད་མི་ཀུན་ཏུ་གདུང་།། ཞེས་གསུངས་པ་ལྟར་སྔོན་བྱོན་མཁས་དབང་ཇི་སྙེད་ཀྱི་ཐུགས་ཀྱི་བཅུད་རྣམས་ལེགས་པར་མནོས་ཀྱང་། ད་དུང་ཕྱོགས་འདི་ཐེ་ཚོམ་གྱི་དྲ་བ་གཙང་ཆོད་དུ་མ་ཡོང་སྟབས། ཕྱི་ནས་བླ་མ་དབུ་མ་པ་ལ་བསྟེན་ཏེ་དབེན་པའི་གནས་སུ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཐུགས་རྩེ་གཅིག་ཏུ་ཡང་དུ་དཔྱད་པ་ཞིབ་མོ་བཏང་བས་མཐའ་སོམ་ཉིའི་དྲ་བ་ཆོད། ལྟ་བའི་གསང་གནད་གྲོལ། རྒྱུད་ཀྱི་རྟོགས་པ་ཡོངས་སུ་སྨིན་ཏེ། དགུང་ལོ་བཞི་བཅུའི་ཐོག་ནས་བཟུང་སྔ་རབས་བཤད་དགོངས་ལས་བརྒལ་ཏེ་ལྟ་བ་རང་མཚན་པ་སྨིན་ཅིང་། དོན་དམ་པར་ཁས་ལེན་གཅིག་ཀྱང་མེད་ལ་ཐ་སྙད་དུ་ཁས་ལེན་ཐམས་ཅད་ཡོད་དོ་ཞེས་པའི་རྣམ་གཞག་རྒྱས་པར་མཛད་དེ། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ཞེས་པའི་མཐར་ཐུག་རང་རྐྱ་འཕེར་བའི་ལྟ་བའི་རྒྱལ་མཚན་བཙུགས་ཤིང་། ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལམ་རིམ་ཆེ་ཆུང་དང་རྩ་འཇུག་གི་ཊིཀ་ཆེན་རྣམས་སུ་ལས་དང་པོ་བ་སྟེ་རིགས་པས་དཔྱད་པ་ངེས་ཤེས་མེད་པ་རྣམས་ཆད་ལྟའི་གཡང་ལས་སྐྱོབ་ཆེད། ཁས་ལེན་ཡོད་མེད་དང་ཐ་སྙད་དུ་རང་མཚན་གྱིས་གྲུབ་མིན་ལ་སྣང་ཕྱོགས་སུ་འཛིན་དགོས་པའི་བླང་བྱ་བཏོན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10