རྡོ་སྦིས་ཤེས་རབ་རྒྱ་མཚོའི་སྙན་རྩོམ་ལ་འཁྱུག་ཙམ་ལྟ་བ།

རྒྱ་གྲོལ།        2014-05-14

  ཁོང་གི་གསུང་གང་ལ་ཡང་ང་རྒྱལ་དང་སྤོབས་པས་ཁེངས་འདུག་པ་ལས་བརྩེ་བ་དེ་འདྲ་མྱོང་མི་ཐུབ། སྙན་ངག་གི་ངོས་ནས་བཤད་ན་དེ་ནི་སྙན་ངག་གི་འགྱུར་བ་རེད། འགྱུར་བ་དེ་ཡོད་ན་ད་གཟོད་སྙན་ངག་དེ་མི་བཞིན་དུ་ཆགས་སྡང་གི་རྣམ་ཤེས་དང་ལྡན་པར་གྱུར། མྱུར་འབྱོན་གསོལ་འདེབས་ལྟ་བུ་སྤྱིར་བཏང་དུ་སྐྱོ་བ་ཤས་ཆེ་ཞིང་སྐྱེ་འཆི་ཁྲོད་ཀྱི་གུ་ཐུག་དང་འཁང་ར་རེ་བ་བཅས་ལྷན་ཅིག་ཏུ་སྦྲེལ་བ་ཞིག་དགོས་མོད་ཁོང་གི་དེ་རིགས་ལས་ནང་བའི་བསམ་གྱིས་མི་ཁྱབ་པའི་ལྟ་གྲུབ་ཀྱི་དབང་གིས་སྐྱེས་བོ་ཕལ་བ་དང་མི་མཐུན་པར་བློ་གྲོས་ཤིག་དང་རྣམ་དཔྱོད་ཅིག  ད་དུང་ནང་བའི་བསམ་བློའི་གོ་རྟོགས་མཐོ་བའི་ལྟ་གྲུབ་ཅིག་མངོན་འདུག
      བསྟོད་པ་སྤོས་ཀྱི་རྫིང་བུ་ནི་ཁོང་གི་ཚབ་བྱེད་ཀྱི་སྙན་ངག་ཅིག་རེད། དེ་ལས་རྗེ་བླ་མ་ལ་བསྟོད་པའི་ཞོར་ལ་སྐབས་དེའི་ཆོས་པ་མང་བོ་ཞིག་ལ་ཟུར་ཟ་བྱས་འདུག ཁོང་གི་ཟུར་ཟ་དེ་དག་ནི་ཚིག་ངོས་ནས་ཟུར་ཟ་བྱས་པ་ཞིག་ཡིན་ལ་བརྗོད་བྱའི་ཐད་ནས་བཤད་ན་དགག་པ་བརྒྱབས་པ་ཞིག་ཀྱང་རེད། དགག་པ་དེ་དག་གིས་ཁོང་གི་ལྟ་བ་སྲོག་ཏུ་བྱས་འདུག་ལ་ཁོང་གི་ལྟ་བ་དེ་ནི་ནང་བའི་གཞི་ལམ་འབྲས་བུའི་རྣམ་གཞག་སྲོག་ཏུ་བྱས་པའི་རི་བོ་དགེ་ལུགས་པའི་ལྟ་གྲུབ་ཅིག་ཀྱང་རེད། ཡང་གཅིག་བཤད་ན་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ནས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཞིག་བསྐྲུན་ཡོད་པས་འདི་ལས་བོད་ཀྱི་གྲུབ་མཐའ་དག་དང༌། ཡང་ན་སྐབས་དེའི་བོད་ཀྱི་ཆོས་ལུགས་ཀྱི་གནས་ཚུལ་ཕྲ་ཞིང་ཞིབ་པར་བརྗོད་ཡོད་པས་དེ་འདྲའི་རྣམ་དཔྱོད་དང་བློ་གྲོས་སྤོབས་པ་འདི་ལྟ་བུ་མངོན་པ་ཞིག་ཤིན་ཏུ་དཀོན།དེང་གི་སྐད་ཆས་བཤད་ན་དུས་རབས་ཀྱི་རང་བཞིན་དང་མི་རིགས་ཀྱི་རང་བཞིན་ཡང་གསལ་བོར་ཐོན་འདུག
      ཁོང་གི་གསུང་གང་ན་ཡང་ནང་བསྟན་གྱི་གཞི་ལམ་འབྲས་གསུམ་ལག་མཐིལ་དུ་འགྲེམ་པའི་རོལ་རྩེད་ལྟ་བུའི་ཁྱད་ཆོས་ཤིན་ཏུ་མང༌། དེ་ལ་བལྟས་ན་གཞུང་ལུགས་ཀྱིས་ཁོང་གི་སྙན་ངག་ལ་ཤུགས་རྐྱེན་ཆེ་བ་ཤེས་ཐུབ། དེ་ཡིས་ཤེས་ཐུབ་པ་ནི་ཁོང་གི་སྙན་ངག་དག་ནི་སྙན་འགྱུར་དང༌། སྤྱིར་བཏང་གི་འཚོ་བ་ཞིག་མ་ཡིན་པར་ལྟ་བ་སྲོག་ཏུ་བྱས་པའི་སྙན་ངག་ཡིན་པ་ཤེས་ཐུབ། སྤྱིར་བཏང་དུ་བཤད་ན་ལྟ་བ་སྲོག་ཏུ་བྱས་པའི་སྙན་ངག་དེ་རིགས་ལ་ཀློག་པ་བོ་དེ་འདྲ་མེད་ཀྱང་ཡོད་པ་ནི་མཁས་པ་འབའ་ཞིག་ཡིན་པས་ཁོང་གི་སྙན་ངག་ནི་མཁས་པའི་སྙན་ངག་དང༌། ཁོང་ནི་རྟོགས་པ་མཐོན་པོའི་སྙན་ངག་པ་འབའ་ཞིག་ཡིན་པ་ལས་ཕལ་བའི་སྙན་ངག་པ་དང༌། རང་ག་བའི་སྙན་ངག་ཅིག་མ་རེད་ཅེས་བཤད་ན་ཆོག
      ཁོང་གི་སྙན་ངག་ལ་སྤྱི་ཆ་ནས་ཁྱད་ཆོས་ཤིག་ཡོད་པ་ནི་བྱ་དཀའི་རྒྱན་དང༌། ཟུང་ལྡན་གྱི་རྒྱན། མིང་ཡིག་སྟོར་བ། ཀ་ཕྲེང་སྤེལ་བ་སོགས་སྒྲ་རྒྱན་གྱི་རིགས་ཤིན་ཏུ་མང༌། སྒྲ་རྒྱན་དེ་རིགས་ནི་ཧོབ་ཀྱིས་བལྟས་ན་ཐ་སྙད་ཚིག་གི་རོལ་རྩེད་ཅིག་ཏུ་མཐོང་མོད། རོལ་རྩེད་འདི་ནི་ངག་ལ་བྱས་པའི་རོལ་རྩེད་ཅིག་ལས་སྣང་བ་གང་དྲན་གྱི་རོལ་རྩེད་ཅིག་གཏན་ནས་མིན། སྙན་ངག་ལ་མི་མཁས་ཤིང་ཚིག་གི་རྒྱན་གྱི་ཕ་རོལ་ཏུ་མ་སོང་ན་འདི་ལྟ་བུའི་རོལ་རྩེད་གཏན་ནས་མི་འཁྱོངས་ལ་རོལ་ན་ཡང་བྱིས་པའི་རོལ་ཙམ་དུ་ཟད། དེ་བས་སྙན་ངག་གི་རོལ་དབྱངས་ཀྱི་ཁྱད་ཆོས་འདོན་པ་ལ་རོལ་རྩེད་འདི་རིགས་ནི་ངེས་པར་དགོས་པ་ཞིག་སྟེ་ཁོང་གི་སྙན་ངག་ལས་རོལ་རྩེད་འདི་རིགས་མངོན་པ་ནི་རོལ་དབྱངས་བརྗིད་པོ་ཞིག་གི་ཁྲོད་དུ་འཇའ་ཚོན་འཁྱུག་སེ་ཤར་བ་དང་མཚུངས།
      ཁོང་གི་བྱ་དཀའ་བ་ནི་ཀ་ཕྲེང་གི་ལམ་ནས་སྤེལ་ཅིང༌། ཚིག་གི་འགྲོས་མཉམ་ཞིང་སྡེབ་ལེགས་པ་ཞིག་རེད། སྤྱིར་སྙན་ངག་གི་བྱ་དཀའ་བ་སྤེལ་དུས་སྙན་ངག་པ་རང་གི་རྩོམ་གཤིས་ཉམས་འགྲོ། གལ་ཏེ་ཇི་ལྟར་སྤེལ་ཀྱང་རྩོམ་གཤིས་མི་ཉམས་ཤིང་རང་ཚུགས་མི་འཆོར་བ་ཞིག་ཡིན་ཚེ་ད་གཟོད་སྙན་ངག་གི་ཕ་རོལ་ཏུ་སོན་པ་ཡིན་ཞེས་བཤད་ན་འགྲིག ཁོང་ནི་རྗེ་བླ་མ་བཞིན་སྙན་ངག་གི་བྱ་དཀའ་བ་གང་ཞིག་སྤེལ་ཀྱང་རང་གི་རྩོམ་གཤིས་ལ་འགྱུར་བ་གཏན་ནས་མི་འདུགདཔེར་ན། ཀུན་ཏུ་བཅུ་དྲུག་ཟུང་ལྡན་མྱུར་བསྒྲུབས་མཐུས།།ཕུལ་བྱུང་སྐུ་གསུང་ཐུགས་གསུམ་རྒྱུད་དུ་འཛུམ།།ཞེས་པ་ལྟ་བུ་ཡིན། དེ་བཞིན་ཟུང་ལྡན་རྒྱན་སྤེལ་ན་ཡང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅིང༌། དེ་དག་བཀླགས་པས་མི་བདེ་བའི་ཉམས་སྣང་ཅི་ཡང་མི་འབྱུང་བ་མ་ཟད་གང་ལ་གང་འཚམ་གྱིས་ཕྲའི་ནང་དུ་གཡུ་སྤྲད་པ་ཇི་བཞིན་ཤིན་ཏུ་འབྱོར།
      དགག་ཡིག་དག་ཏུ་ཐོན་པའི་སྙན་ངག་མང་བོ་ཞིག་ནི་ང་རྒྱལ་དང༌། ཕ་རོལ་ཟིལ་གནོན་པའི་སྤོབས་པས་ཁེངས་འདུག་ཅིང༌། ཕ་རོལ་བ་རྨེག་མེད་དུ་གཞོམ་པའི་ཉམས་ཏེ་མཁས་གྲུབ་རིན་པོ་ཆེའི་གསུང་ཉམས་ཀྱིས་ཤུགས་ཆེ། དེ་ནི་མི་ཤེས་པ་དག་ལ་མཚོན་ན་ཁོང་གི་གསུང་ལ་ཡི་ག་མི་ཞིམ་པ་ཞིག་ཏུ་བྱས་ཡོད་ན་ཡང་མཁས་པ་དག་ལ་མཚོན་ན་དེ་ནི་ཀུ་རེ་གཏམ་གྱི་ཤགས་འགྱེད་ཅིག་ལས་མ་འདས་ཤིང་ཀུ་རེ་དེ་ལས་ཀྱང་ཁོང་གི་མཁས་པ་དག་ལ་ངོམ་དུ་རི་བའི་རྣམ་དཔྱོད་ཅིག་མངོན་འདུག
      སྤྱིར་ན་སྙན་ངག་པ་ཞིག་གི་རྩོམ་གཤིས་ལས་སྙན་ངག་པའི་གཤིས་ཀ་མཚོན་དཀའ་ན་ཡང་གཏན་ནས་མཚོན་མི་ཐུབ་པ་ཞིག་གཏན་ནས་མིན། སྙན་ངག་པ་ཞིག་ལ་དྲག་འཇམ་གྱི་རྩོམ་གཤིས་དུ་མ་འབྱུང་ངེས་པ་རྗེ་རིན་པོ་ཆེའི་གསུང་གིས་མཚོན་ཐུབ་ན་ཡང་ཁོང་གི་སྙན་ངག་ནི་དེ་དག་ལ་ཐད་ཀར་འབྲེལ་མེད་པར་རང་གི་གཤིས་ཀ་དང་འབྲེལ་ཡོད། དེ་བས་ཁོང་གི་སྙན་རྩོམ་ཀློག་པའི་ཚེ་ཕལ་ཆེར་ཁོང་ཉིད་ཀློག་པ་ལྟ་བུའི་ཚོར་སྣང་སྟེར།
       རྩོམ་ཡོངས་ནས་བལྟས་ན་ཁོང་ནི་ཁ་ཚོད་ཅན་གྱི་གཞུང་དྲང་ཞིག་དང༌། མཁྱེན་རྒྱ་ཆེ་བའི་ང་རྒྱལ་ཅན་ཞིག་ཡིན་པ་ཡང་མཐོང༌།ཞིབ་ཏུ་བཀླགས་ན་ཁོང་ནི་ཁ་རྩུབ་ན་ཡང་བསམ་པ་ལ་ལྷད་འདྲེས་མེད་པའི་ཉམས་ཤིག་ཀྱང་མངོན། དེ་བས་ཁོང་གི་རྩོམ་གཤིས་ནི་བརྗོད་བྱ་དང་འབྲེལ་བ་མ་ཡིན་པར་རང་གཤིས་དང་བསྟུན་པའི་རྩོམ་གཤིས་རེད།
      རྩོམ་ཡོངས་སུ་དཔེ་རྒྱན་ཉུང་ལ་གཟུགས་རྒྱན་མང༌། ཁོང་གི་དམིགས་བསལ་གྱི་ཁྱད་ཆོས་ཀྱང་རྒྱན་བཀོལ་སྟངས་དང་ཚིག་གི་རྒྱན་སྦྱོར་ལས་ཐོན་འདུགསྡེབ་སྦྱོར་ལ་དམ་པའི་ཉམས་ཡོད་ལ་ཚིག་སྦྱོར་ལ་བརྗིད་པའི་ཤོམ་ཆེ།
      གཞན་ལ་དམའ་འབེབ་དང་ཟུར་ཟ་ལ་དགྱེས་མོད་དེ་ཡང་ཁ་རི་ཁ་ཐུག་ཡིན། དེ་བས་ཟུར་ཟ་དག་ཀྱང་ཟུར་ཟ་རུ་མ་སོང་བས་དམའ་འབེབ་ཏུ་སོང་འདུགའདི་ནི་ཁོང་གི་ཐུགས་རྒྱུད་དྲང་བོའི་ཚུལ་ལས་མ་འདས།
      ཁོང་གི་ཐུགས་རྒྱུད་དྲང་མོ་དེ་རྣམ་དཔྱོད་ཀྱིས་གྲུབ་ན་ཡང༌། རྣམ་དཔྱོད་དེ་ནི་ཆོས་ལ་དཔྱོད་པའི་རྣམ་དཔྱོད་དེ་འདྲ་མི་འདུག་པ་ཁོང་གི་སྙན་ངག་དག་ལས་གསལ་བོར་མངོན་འདུག ཁོང་གི་ཆབ་སྲིད་སྐོར་གྱི་སྙན་རྩོམ་ལ་བལྟས་ན་དེ་དག་ནི་སྐབས་དེའི་ལྷད་མེད་ཀྱི་དད་གུས་ལས་སྐྱེས་པ་ཡིན་ཀྱང༌།དད་གུས་དེ་ནི་སྐབས་དེའི་དྲིལ་བསྒྲགས་ལས་སྐྱེས་པ་ལས་དགེ་ཆོས་ལྟར་དོགས་པ་ཟ་བའི་ཉམས་ཅི་ཡང་མི་འདུག  དེ་ལ་བལྟས་ན་ཁོང་གི་དྲིལ་བསྒྲགས་དེའི་མདུན་དང་རྒྱབ་ལ་ཅི་ཡང་མ་དཔྱད་པར་དད་གུས་བྱས་པ་ཙམ་སྟེ་དེ་དག་ནི་མའོ་ཙེ་ཏུང་དང༌། ཤཱཀྱ་ཐུབ་པ་དབྱེར་མེད་དུ་བཤད་པ་དེ་དག་ལ་བལྟས་ན་གསལ་བོར་ཤེས་ཐུབ་པ་རེད།
      གོང་འོག་ཀུན་ཏུ་བསྟན་པ་སྙིང་ལ་བརྣགས་ཤིང༌། ཕ་ཡུལ་དང་དགོན་སྡེ་ལ་ཞེ་དུང༌། བུ་སློབ་དང་གཉེན་ཉེ་ལ་ཡིད་འཁྲེང་བ།བསྟན་པའི་ལ་རྒྱ་སྙིང་དུ་འཛིན་པ་སོགས་ཁོང་གི་ལུས་ངག་ཡིད་གསུམ་དུ་ཆུ་བོ་བཞིན་རྒྱུ་བཞིན་པ་ཡང་མཐོང་ཐུབ།
གོང་གི་འདི་ནི་ཁོ་བོ་བྲེལ་བའི་ཁྲོད་ནས་འཁྱུག་ཙམ་བལྟས་པ་ཙམ་ལས་ཉིད་ཀྱི་ཐུགས་དགོངས་བསྐང་ཐུབ་དཀའ་ན་ཡང་ཉིད་ཀྱི་འདུན་པ་ཇི་བཞིན་ཕུལ་བ་ལ་དགོངས་འགལ་མེད་པར་ཞུ།
 
  • ལེ་ཚན་སྔོན་མ།:འཇུ་སྐལ་བཟང་གི《ལམ་ཕྲན་དུ་ལྷག་པའི་གཏམ》ཞེས་པའི་སྙན་ངག་གི་རིན་ཐང་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:རྩོམ་རིག་ལ་ཞུགས་པའི་མྱོང་ཚོར་ཐོར་བུ།
  • དོ་སྣང་ཆེ་བའི་རྩོམ།