རྩོམ་རིག་ལ་ཞུགས་པའི་མྱོང་ཚོར་ཐོར་བུ།

ཆོས་བཞིན།        2014-06-03

 སྤྱིར་རྩོམ་རིག་ལ་ཞུགས་པ་ནི་རིག་གཞུང་གི་སྙིང་པོ་བཅུད་དུ་ལེན་པའི་སྙུག་ཐོགས་པས་རང་འགུལ་གྱིས་འཚོ་བ་ལ་དཔུང་འཇུག་བྱས་པ་ཐོག་མ་དེ་ཡིན་ལ།བེམ་རོ་ལྟ་བུའི་དེབ་རྒན་དག་ལས་རྣམ་ཤེས་ཀྱི་གསེང་དམིག་ཡུན་གྱིས་བཙལ་ཏེ་ཚེ་སྲོག་གི་ས་བོན་བཏབ་པ་དང་པོ་དེའང་ཡིན་སྲིད་པ་རེད།དེ་བས།ང་རང་ཉིད་ཀྱང་རྩོམ་རིག་ལ་ཞུགས་ཏེ་འཚོ་བར་ཟབ་ཞུགས་དང་།འཚོ་བའི་རོ་བྲོ་ལ་མྱོང་རོལ་བྱས་པར་མ་ཟད།རིག་གཞུང་གི་ནང་སྙིང་ལ་དཔྱད་ཞིབ་ཀྱིས་ཉིང་བཅུད་སེམས་སུ་བླངས་ལ།གོ་དོན་ཕྲག་ཏུ་ཁུར་བའང་ཡིན།དེའི་ཕྱིར།ངས་རང་ཉིད་དང་རྩོམ་རིག་བརྩམས་ཆོས་བར་དུ་ཡོད་པའི་ཡ་མ་བྲལ་བའི་བདེན་པ་དང་།དོན་སྙིང་།འགལ་འདུ་སོགས་གྲོགས་པོ་ཚོར་ཐོལ་བྱུང་དུ་འཆད་འདོད་པ་ཡིན།
    གཅིགའཚོ་བའི་བདེན་པ་ལ་རྩོམ་རིག་གི་གཤོག་པ་གཟུགས་དགོས།
    འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་ཡིན་ཞེས་ཁ་ཅན་གྱིས་གླེང་ཞིང་ལག་ཅན་གྱིས་བྲིས་ཡོད་པ་གཞིར་བྱས་ཏེ།ངས་ཀྱང་འཚོ་བ་ནི་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་ཤེས་འཁོར་སའི་ཕ་གཞིས་དང་།མྱུ་གུ་གསོན་སའི་ཞིང་ས་གཤིན་པོ་དེ་རེད་ཅེས་ཁ་ཚོན་བཅད་ནས་བཤད་པ་ཡིན།རྒྱུ་མཚན་ཡང་།རྩོམ་རིག་བརྩམས་ཆོས་ཀྱི་ཚེ་སྲོག་འཚོ་བ་ལས་རྙེད་ཅིང་ལང་ཚོ་ཡི་མྱུ་གུའང་འཚོ་བ་དངོས་ལས་སྨིན་གྱིན་པས་ཡིན།འོན་ཀྱང་།བརྩམས་ཆོས་གང་མང་ཞིག་གིས་འཚོ་བའི་བདེན་པ་ཇི་བཞིན་དུ་སྟོན་མི་ཐུབ་པ་ནི་རྩོམ་པ་པོ་དེ་ཉིད་འཚོ་བ་རུ་ཐིམ་ཡོད་ནའང་།འཚོ་བའི་དགག་དབྱེའི་ས་མཚམས་དེ་ད་དུང་གསལ་ཁ་དོད་པོ་ཞིག་ཤེས་མེད་པའམ།འཚོ་བ་ལ་དེ་ཙམ་གྱིས་རྒྱུས་ལོན་དང་དཔྱད་ཞིབ་མ་བྱས་པ་ཁོ་ནས་ལན་པ་རེད།རྒྱུ་མཚན་གང་ཡིན་ཞེ་ན།བརྩམས་ཆོས་གང་མང་མང་ཞིག་ནི་རྟོག་འཆར་དང་བློས་བསླང་གིས་བཞེངས་པ་ལས།འཚོ་བའི་བདེན་པ་དངོས་དེ་ཉིད་རྩོམ་པ་པོའི་བློ་རིག་སྒྱུ་རྩལ་ལ་བརྟེན་ནས་རྩོམ་རིག་གི་གཟུགས་བརྙན་དུ་གྲུབ་པར་བྱས་མེད་པས།འཚོ་བ་དངོས་ལས་རང་གིས་མིག་མཐོང་ལག་ཟིན་དུ་གྱུར་པ་རྣམས་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟད་དེ་སྨྲ་ནའང་རྒྱུ་མཚན་གྱིས་སྟོང་པའི་སྨྲ་བརྗོད་རང་དབང་ཙམ་གྱི་ཁོངས་སུ་བསྡུ་འདོད་པ་ཡིན།དེ་ཡང་གསལ་བོར་བཤད་ན།རྩོམ་རིག་དེས་འཚོ་བ་མཚོན་པར་བྱ་དགོས་ཚེ།བརྩམས་ཆོས་གང་ཡིན་པ་དེ་འཚོ་བ་ལས་རིང་དུ་གྱེས་པའི་འཆར་ཡན་དང་རྟོག་བཏགས་ཙམ་དུ་སོང་ན།བརྩམས་ཆོས་ལ་འགུག་ཤུགས་ཡོད་རུང་བརྩམས་ཆོས་དེ་ཉིད་རྩོམ་པོ་དང་ཀློག་པོ་གཉི་གའི་བར་ན་ཤེས་མེད་དུ་རྩེན་པའི་དབྱེན་སྦྱོར་མཁན་ཁོ་ན་ལས་ཅི་ཡང་མིན་པས་ཡིན།མ་གཞིར་འཆར་ཡན་དང་རྟོག་བཏགས་རྣམས་རྩོམ་རིག་བརྩམས་ཆོས་ཀྱི་ཕྱིའི་གཟི་དཔལ་ཙམ་ཡིན་པ་བདེན་པ་རེད་ལ།དེ་ཡང་རྫུན་བཟོ་ལ་མ་སོང་བའི་གནད་དོན་རིགས་འགྲེ་དང་སྒྲོ་སྐུལ་དུ་མ་བྱས་པའི་ཚིག་གི་སྙན་ཆ་ཙམ་དུ་བྱས་པ་ཡིན་ན།རྩོམ་པོ་གང་གི་བརྩམས་ཆོས་རྣམས་འཚོ་བའི་བདེན་པའམ་དངོས་ཡོད་གནས་ཚུལ་མ་བཅོས་པ་དེ་ཡིན་པས་རྩོམ་རིག་གི་རིན་ཐང་ངོ་མའང་དེ་ལས་གཞན་དུ་མེད་པར་འདོད།དེའི་ཕྱིར།རྩོམ་རིག་བརྩམས་ཆོས་ནི་འཚོ་བ་ར་སྤྲོད་ཀྱི་དན་དཔང་ཡིན་པས།རྩོམ་པ་པོའི་སེམས་ཚོར་གྱི་ཤུགས་སུ་གཞར་ཡང་འཁྱེར་མི་རུང་ལ།གལ་ཏེ་རྩོམ་པོའི་སེམས་ཚོར་གྱི་འཐེན་འཁྱེར་འོག་ཏུ་ལུས་པའི་བརྩམས་ཆོས་ནི་ནམ་ཡང་རང་དབང་དང་བྲལ་བའི་བྲན་གཡོག་ཐོ་ཡིག་ཙམ་དུ་བགྲང་ཆོག་ཆོག་རེད།དེ་ཡང་།རྩོམ་རིག་བརྩམས་ཆོས་ནི་འཚོ་བའི་བདེན་པ་ངོ་སྤྲོད་ཙམ་ཡིན་པ་ལས།རྩོམ་པོའི་སེམས་ཀྱི་ན་ཟུག་ཁོ་ན་གླུ་རུ་བླངས་པ་དེ་ཡིན་མི་རིགས་པས་སོ།།
    གཉིས།རྩོམ་རིག་གི་ནང་སྙིང་ལ་འཇུས་ཏེ་གསར་རྩོམ་གྱི་རྣམ་ཤེས་སྦྲན་དགོས།
    མ་གཞིར་རྩོམ་རིག་བརྩམས་ཆོས་རྣམས་ནི་བསམ་བློའི་ཁ་ཕྱོགས་དང་།སེམས་ཀྱི་རང་གཤིས།སྤྱོད་པའི་ཡིན་ལུགས་སོགས་མདོར་ན་ཆོས་ཉིད་ཀྱི་བདེན་པ་དོན་སྙིང་དུ་བྱས་པའི་བསམ་པའི་རྒྱགས་ཕྱེ་ཡིན་པས།འདས་མ་ད་གསུམ་གྱི་སྐྱིད་སྡུག་ཤུགས་ཀྱིས་གྱེར་ཞིང་གཞི་ལམ་འབྲས་གསུམ་གྱི་དོན་སྙིང་མཛུབ་མོས་སྟོན་གྱིན་ཡོད།དེ་བས་རང་ཉིད་ཀྱིས་རིག་པའི་ཤུན་པ་བཙན་གྱིས་བཤུས་ཏེ་རྩོམ་རིག་གི་ཆོས་ཉིད་འཚོལ་འོས་མོད་ཀྱང་།དེ་ལྟར་མི་ནུས་ནའང་།བསམ་བློ་ལ་ངར་བླུད་ནས་སྔར་ཡོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཉིང་ཁུ་གཞིབ་ཐུབ་ནའང་མ་འོངས་རྩོམ་རིག་གི་མདུན་ལམ་ལ་གཞལ་དུ་མེད་པའི་བྱས་རྗེས་བཞག་པ་རེད་སྙམ།ལྷག་པར་དུ་བདེན་པའི་གཞི་རྐང་རྩ་བ་ནས་མེད་པའི་རྟོག་བཏགས་ཀྱི་བརྩམས་ཆོས་དག་ལ་ནི།མེད་པ་གསར་དུ་བྱས་པའི་རྩོམ་ཡིག་ཅིག་གི་དབུ་ལོ་དགོས་པའང་བདེན་དུ་ཆུག་མོད།འོན་ཀྱང་།རྣམ་ཤེས་རྩ་བྲལ་དུ་སོང་བའི་བེམ་པོའི་བརྩམས་ཆོས་དག་ལ་ནི་རྩོམ་རིག་གི་གསོན་ཉམས་ཤིན་ཏུ་དོད་ཡོད་ནའང་།བེམ་པོ་ནི་བེམ་པོ་ཉིད་ལས་དོན་དམ་པའི་བྱ་བ་གཏན་ནས་བྱེད་མི་ཐུབ་པས།བདེན་པའི་དོན་སྙིང་དངོས་ལ་བསྙབ་ནས་འཚོ་བའི་བརྩམས་ཆོས་ལ་རྩོམ་རིག་གི་ཚེ་སྲོག་གཡང་དུ་ལེན་དགོས་པར་འདོད།ངས་འདི་ལྟར་བཤད་དགོས་པ་དེ་ཡང་།རྩོམ་རིག་གི་ལས་སུ་ཐོག་མར་ཞུགས་པ་ནས་བཟུང་།ཡང་སྙིང་གང་ལ་འཇུས་ཏེ་རྣམ་པ་གང་ཞིག་གསར་དུ་གཏོད་པ་ནི།བརྩམས་ཆོས་ཡིན་ནོ་ལོ་ཐོ་རུ་འདེབས་པར་དགའ་བའི་མི་བུ་རང་ངོས་ནས་བསམ་ནའང་།སྟོང་བསམ་དང་།འཆར་ཡན།རྟོག་བཏགས་ཀྱིས་བཙན་བཞེངས་བྱས་པ་ཞིག་ཡིན་ན།ཉམས་འགྱུར་དང་བདེན་སྣང་གང་འདོད་དུ་སྟེར་ཐུབ་པའི་ཚོར་བ་བན་བུན་ཞིག་ངང་གིས་འབྱུང་གིན་ཡོད།འོན་ཀྱང་།འཚོ་བའི་བདེན་སྣང་ལ་བསམ་ན།ཞེ་འདོད་ཁ་ལ་མ་འཁྱོངས་བའི་རྣམ་པ་ནི་ནམ་ལངས་ལག་པས་མི་ཁེབས།ཆུ་འབུར་ས་ཡིས་མི་ཁོག་ཅེས་པའི་དཔེ་བཞིན་ག་ས་གང་དུ་གཅིག་གཅིག་གཉིས་གཉིས་སུ་མཐོང་ཐུབ་པས།བསམ་བློ་ཞིབ་མོར་བཏང་ཚེ།ད་གཟོད་རྩོམ་རིག་བརྩམས་ཆོས་ཞེས་པ་ནི་གང་འདོད་གསར་དུ་བྱས་པའི་ཐོ་ཡིག་ཙམ་ལ་ངོས་འཛིན་པ་ནི་ཤིན་ཏུ་ཅོལ་ཆུང་གི་བྱ་བ་ཞིག་ཡིན་པར་ངེས་ཤེས་འདྲོངས་ཤིང་།མ་མཐའ་ཡང་འཚོ་བར་ཟབ་ཞུགས་ཀྱིས་བདེན་པའི་ས་བོན་འདེབས་ཤེས་པ་ཞིག་ཅིས་ཀྱང་དགོས་ལ།དེའི་མྱུ་གུ་ལ་གཞི་ནས་རྩོམ་རིག་གི་རྣམ་ཤེས་འཇུག་པར་བྱ་དགོས་ངེས་རེད་སྙམ་གྱིན་ཡོད།
    གསུམ།འགལ་འདུ་ཡུན་གྱིས་སེད་དེ་ཡང་སྙིང་གཞན་ལ་དགྲོལ་དགོས།
    མ་གཞི་འགལ་འདུ་ནི་ཡོང་ཐབས་མེད་པའི་ཆོས་ཉིད་ཅིག་ཏུ་ངོས་འཛིན་སྲིད་ནའང་།ཡུན་རིང་གི་འཚོ་བའི་ཉམས་མྱོང་དང་།རྩོམ་རིག་ལ་ཞིབ་འཇུག་བྱེད་པར་དགའ་བའི་མི་ཞིག་ཡིན་ན།གཞི་གཅིག་གི་སྟེང་དུ་བཙན་ཐབས་ཀྱིས་བཀོལ་དགོས་པ་ཞིག་མ་ཡིན་པར།འཚོ་བ་དངོས་དང་རྩོམ་པོའི་བསམ་བློའི་བར་ཐག་དང་།བསམ་བློ་དང་དན་དཔང་བརྩམས་ཆོས་བར་གྱི་ཁྱད་པར།བརྩམས་ཆོས་དང་ཀློག་པོར་གོ་བསྐོན་བར་གྱི་བར་སྟོང་སོགས་འགལ་འདུའི་ཕུང་པོ་བསྟར་ཆགས་སུ་ཡོད་པ་ཞིག་མ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པ་ལྟ་བུ་ཞིག་ཡིན་པར་འདོད།འོན་ཀྱང་།འགལ་འདུ་དེ་དག་ནི་དོན་གྱི་སྙིང་པོ་ངེས་མིན་གྱི་གནད་གཅིག་གི་སྟེང་དུ་འུབས་ཀྱིས་རང་བབས་སུ་ཡོད་པས།གཞི་རྩའི་དོན་སྙིང་ལ་ཨུ་ཚུགས་ཀྱི་སོ་བཏབ་སྟེ་ནན་ཏུར་འབད་ལེན་དགོས་པ་ལས།ཚིག་གི་སྒྲོམ་ཆེ་ཆུང་དང་གཏམ་གྱི་དཀྱེལ་ཡངས་མིན་ལ་བསམ་ནས་སྣང་བ་རྒྱ་ཡན་དུ་གཏོང་ས་ཞིག་ག་ལ་ཡིན།དེའི་ཕྱིར།རྩོམ་རིག་ནི་འཚོ་བ་དང་རྩོམ་པ་པོ།བརྩམས་ཆོས།ཀློག་པ་པོ་བཅས་ཀྱི་བར་དུ་གནས་པའི་བར་རྫས་དེ་ཡིན་པས།བརྩམས་ཆོས་གསེད་བཀྲོལ་གྱི་ཁེ་དབང་ཡང་རྩོམ་པོ་རང་ཉིད་ལ་ཡོངས་སུ་ཡོད་པ་ཞིག་ཡིན་པ་མ་ཟད།བདེན་པའི་ཆོས་ཉིད་གཞིར་བཞག་གི་སྟེང་དུ་ཡང་སྙིང་ཅི་ཞིག་བཤད་པ་དག་ཀྱང་རེ་རེ་བཞིན་བཀྲལ་ནས།གཞན་གྱི་སེམས་ངོས་སུ་གསལ་དགོས་པ་ཞིག་ལས་འགན་མེད་སླ་བཅོས་ཀྱིས་བཅད་གཏུབ་བྱ་ག་ལ་རུང་།དེ་ནི་བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་ཀྱི་ལུང་རྒྱུན་དང་བླ་མའི་མན་ངག་གིས་གྲོལ་བ་ཞེས་པ་སོགས་གཟུགས་མེད་ཀྱི་ནུས་པ་བླ་ན་མེད་པ་དག་ལའང་རིགས་བསྒྲེས་ནས་ཤེས་དགོས་པ་ཞིག་ཅི་ལ་མིན།གཞན་ཡང་ཚིག་གི་དཀའ་སླ་རྣམས་ཀྱང་འོས་བབ་ལྟར་སྤྱད་ཅིང་།དོན་གྱི་གནད་ཆེ་ཆུང་དག་ཀྱང་ཁ་གསལ་བོར་བཀོལ་དགོས་ལ།སྙན་པའི་ཟུར་འདོན་ཚུལ་ལའང་དགོས་ངེས་ཀྱི་བར་སྟོང་ཡོད་པར་བྱས་ཏེ།ཀུ་ཡངས་པོ་དང་།གནད་ཆེན་པོ།ཁ་གསལ་པོ་བཅས་ཀྱི་སྒལ་ཚིགས་དང་ལྡན་པར་གཞན་གྱི་ངོ་སྔུན་དུ་ཀྲོང་ངེར་ལངས་ཐུབ་པ་ཡིན་ན།ད་གཟོད་དངོས་ཡོད་འཚོ་བ་ལ་རྩོམ་རིག་གི་གཤོག་པ་བཙུགས་ཏེ་གཞན་སེམས་ཀྱི་མཁའ་དབྱིངས་སུ་བདེན་དོན་གྱིས་འཕུར་སྐྱོད་བྱ་ཆོག་པ་རེད་བསམ་གྱིན་ཡོད།
    མདོར་ན།རང་ཉིད་ཀྱིས་བཞེངས་གྲུབ་མཛད་པའི་འཚོ་བའི་ཟིན་ཐོ་དེ་རྣམས་རྩོམ་རིག་གི་ཞིང་ས་ནས་ལྷོད་ཀྱིས་འཛུམ་གྱིན་ཡོད་ན་ཡང་།དེ་དག་ནི་བསམ་བློ་འཐེན་སྒམ་ནས་བླངས་པའི་བདེན་པ་གཉུག་མར་གནས་པ་དེ་ཡིན་ཟེར་གྱིན་མེད་ལ།བདེན་པ་གཅེར་མཐོང་ཞིག་ལ་རྩོམ་རིག་བརྩམས་ཆོས་ཡང་དག་ཁོ་ནའོ་ཞེས་ཚོད་མེད་ཀྱིས་ཐ་ཚིག་སྒྲོག་གིན་ཡོད་པའང་ག་ལ་ཡིན།འོན་ཀྱང་།འཚོ་བའི་བདེན་པ་སྣང་མེད་དུ་བཞག་ནས་རྟོག་བཏགས་དང་འཆར་ཡན་ཁོ་ནས་བྱས་པའི་རྩོམ་རིག་བརྩམས་ཆོས་དག་ནི་འདྲ་འབག་ཅིག་རེད་ཅེས་ང་རང་ཉིད་ཀྱིས་བཤད་པ་ཡིན།དེར་བརྟེན།ཆོས་ཉིད་ཀྱི་བདེན་པའི་རྣམ་ཤེས་ལ་རྩོམ་རིག་གི་ལུང་ཕུང་གནང་ཞིང་།འཆར་རྟོག་གི་གོས་ལྭ་ལེགས་པར་བསྐོན་ནས་གོ་སྐོན་བློ་འགུག་གི་སྐ་རགས་ཡོངས་སུ་བཅིངས་པ་ཡིན་ན།ད་གཟོད་རྩོམ་རིག་གི་དོན་སྙིང་དང་སྒྱུ་རྩལ།སྒམ་དཀྱེལ།བྱས་རྗེས་དག་ལེགས་འགྲུབ་བྱུང་བ་ཡིན་པར་འདོད་པས།འདི་ཡང་རང་ཉིད་ཀྱི་འདོད་ཚུལ་ཙམ་ཞིག་རང་མཉམ་གྱི་གྲོགས་པ་དག་ལ་ཤར་མར་བྲིས་པ་ཡིན།
    
  • ལེ་ཚན་སྔོན་མ།:རྡོ་སྦིས་ཤེས་རབ་རྒྱ་མཚོའི་སྙན་རྩོམ་ལ་འཁྱུག་ཙམ་ལྟ་བ།
  • ལེ་ཚན་རྗེས་མ།:བོད་མི་ཉག་གི་ཡུལ་སྐད་ལ་དཔྱད་པ། 
  • དོ་སྣང་ཆེ་བའི་རྩོམ།