ཚེ་ཡི་སྲུང་མདུད་དམར་པོ།

༼ གསེར་དུང་སྙུག། ༽        2024-04-24

གཅིག།

ཟློག་མེད་སྔོན་གྱི་ལས་དབང་ཞིག་གིས་ངེད་གཉིས་ལ་ཕན་ཚུན་ཞོ་ལྟར་ཆགས་པའི་བརྩེ་བ་ཞིག་ངང་གིས་གྲུབ། ལོ་དང་ཟླ་བ། ཞག་མ་དང་ཉིན་གྲངས་མང་པོ་ཞིག་གི་འདས་སོང་ལ་རྫོགས་ཚིག་བྲིས། དེ་ནི་ཕྱི་དྲན་གྱི་ཀློང་ན་མཛེས་སྡུག་གིས་འཚེར་བའི་བརྩེ་བའི་གདུ་བུ་གོར་གོར།སྙིང་དང་གློ་བའི་བར་མཚམས་ནས་ཉིང་མཚམས་སྦྱོར་བའི་འཇིག་རྟེན་གྱི་འཚོ་བར་ལམ་ཡིག་བཞག།

གཉིས།

ང་དང་ཁྱེད་ཀྱི་དྭངས་གཙང་གི་བྲང་གཞུང་ནས་མཆེད་པའི་སྙིང་གི་ཤོག་བུ་ལ། དགའ་བ་ལྷད་མེད་ཀྱིས་འདང་ཞེན་དང་མཛའ་བརྩེ་ཡི་ཡིག་ཕྲེང་བསྒྲིགས། ཟུར་མིག་གཉོམ་པོ་ཞིག་གིས་ཁྱེད་ཀྱི་ཡིད་ཁ་ནས་བཅད་པའི་དུངས་སེམས་ཀྱི་མེ་ཏོག་ཚོམ་བུ། ངའི་ཤ་དང་རུས་པ།ཁྲག་དང་མཆིན་པ། ཕྱི་ནང་གསང་གསུམ་དང་མགོ་མཇུག་བར་གསུམ། གང་སར་ཁྱབ་ཏེ་བདག་བཟི་བར་བྱས། ངའི་དྲན་ཤེས་ཀྱི་མེ་ལོང་ངོས་སུ་ཁྱེད་ནི་སྙིང་དུ་སྡུག་པའི་ལྷ་ཡུལ་ནས་འོང་བའི་ལྷ་མོ་ཟླ་འཛིན་མ་དང་གཉིས་སུ་མེད་ལ། བདག་གི་སྒོ་ལྔ་འགག་པའི་བརྩེ་དུང་གི་ཆང་བཅུད་ཅིག། ཁྱེད་ཉིད་བདག་ལ་ཐོབ་པ་ནས་བཟུང་། ངའི་སྣང་བའི་ཁ་དོག་ལྡབ་ཀྱིས་གྱུར་ཏེ་འཚོ་བ་ལ་འོད་སྟོང་འཕྲོ་བའི་སྤྲོ་དགའི་ཚོར་འདུ་བསྐྲུན། ཟླ་འོད་ཀྱི་གང་བའི་མཚན་མོ་རེ་རེ་དང་། རེ་བ་དང་འདོད་བློ་ཚིམས་པའི་རྨི་ལམ་རེ་རེ། སེར་སྣ་ཆེ་ཡང་དུས་ཚོད་ཀྱི་ཕྲག་ཀོང་ནས་ཤོར།

གསུམ།

དཀར་ལ་དམར་མདངས་རྒྱས་པའི་ཞལ་ངོ་དང་ཆེམ་ཆེམ་དུ་འགུལ་བའི་མིག་ཟུང་ལས། བདག་གི་ལུས་ངག་ཡིད་གསུམ་གྱི་ཡོད་ཚད་ནས་ཡོད་ཚད་གསོན་པར་བྱས་ལ། ལྡེམ་མྱུར་དང་འཇམ་ཤས་གྲུབ་པའི་སྐུ་ལུས་དང་གནག་ལ་འཕྱོ་བའི་སྐྲ་རྩེ་ནས། བདག་གི་ཚོར་བའི་དྲན་པ་མཐོ་རླབས་སུ་དཀྲིགས་ནས་སྙན་ངག་གི་ཆང་སྐྱེམས་དྲངས། སེམས་ཀྱི་ལྷ་མོ་ལགས། ཡིད་ཀྱི་མཛངས་མ་ལགས། ཁྱེད་ཉིད་བདག་ལ་ཡོད་པ་འཁོར་བའི་ཡང་སྙིང་དུ་རློམ་ཆོག།

བཞི།

ཁྱེད་ཀྱི་གཅེས་སྐྱོང་དང་བྱམས་བརྩེ་ལས། ངའི་ལང་ཚོའི་སྟོབས་ཤུགས་མངོན་པར་རྒྱས་ལ། ཁྱེད་ཀྱི་ཤ་དྲོད་དང་རུམ་ཁ་ནས་ངའི་མི་ཚེའི་ལྗང་སྨྱུག་འབུས་མགོ་ཚུགས། འཇིག་རྟེན་མི་རྟག་པ་དང་མི་ཚེ་རླུང་ནང་གི་མར་མེ་བཞིན་རྟག་པ་མེད་པ་ཇི་ལྟར་བརྗོད་ཀྱང་། གང་མང་ལབ་ཀྱང་། ཁྱེད་ཉིད་བདག་གི་ཉེ་འགྲམ་དུ་བཅར་བ་ནས་བཟུང་། ང་ལ་འཇིགས་སྐྲག་དང་ཐེ་ཚོམ་མེད། བདེ་སྐྱིད་འབའ་ཞིག་ལས་གཞན་གང་ཡང་མེད། དེ་ནི་ངས་ཁྱེད་ལ་ཕུལ་བའི་བརྩེ་དུང་ཞིག་གི་རོལ་དབྱངས་ཡིན།

ལྔ།

ཁྱེད་ཀྱི་མགོ་བོ་བདག་གི་བྲང་ཁ་རུ་གླན་ནས་སྙིང་གཏམ་མངར་མོ་ཞིག་གིས་ཟུར་ཁ་མྱོང་དུས། ངས་ཅི་ཡང་སྨྲ་མི་ནུས་པར་རེ་ཞིག་ཧད་དགོས་བྱུང་། ནམ་རྒྱུན་བསམ་བློ་དང་དོགས་སློང་བྱས་པའི་འབྱུང་འགྱུར་གྱི་བཀོད་སྒྲིག་མང་པོ་ཞིག་ཁྱེད་དང་ཕྲད་ན་ལྐུག་པར་འགྱུར་འགྲོ།

དྲུག

ལག་པ་དམ་དུ་འཁྱུད་དེ་འཚོ་བའི་གསེང་བ་ཞིག་གི་སྒོ་མོ་རྡུང་དུས། ངས་ཁྱེད་ལ་གླེང་མི་ཚར་བའི་ལྷ་སྒྲུང་ལྟ་བུའི་འཇིག་རྟེན་ཞིག་ར་སྤྲོད་བྱས་ལ། སྙིང་གི་ཡང་དཀྱིལ་དུ་ཁྲག་གི་ས་བོན་བཏབ། ལྷན་འཛོམས་ཀྱི་དགོད་སྒྲ་ཐུང་ཐུང་། འདུ་འཛོམས་ཀྱི་བདེ་སྐྱིད་ཅིག་གི་སྣེ་མོ་ནས། བྲལ་དགོས་པའི་དུས་ཚོད་ཅིག་སླེབས་དུས། མགོ་སྐམ་པོ་ནས་བརླན་ཞིང་གཤེར་བའི་མིག་ཆུའི་ཕྲེང་བ་ཡུན་གྱིས་ཟེགས།

བདུན།

ཁྱེད་ནི་བདག་གི་དུས་གསུམ་གྱི་བློ་ཕུགས་གཏད་སའི་བྱམས་པ་ཁྲེལ་ཡོད་དེ་ཡིན་ལ། བདག་གི་མི་ཚེ་འགྲོགས་སའི་སྙིང་གི་ཚི་ལུ་དེ་ཡང་ཡིན་ནོ། །


  • ལེ་ཚན་སྔོན་མ།:ཡང་སྙིང་ང་ཚོས་ཕ་ཡུལ་ངོ་ཤེས་ཀྱི་ཡོད་དམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།