གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་བཟང་ན།

ཀོ་ཡུས་ཀྱིས་བརྩམས། མིག་དམར་དོན་འགྲུབ་ཀྱིས་བསྒྱུར།        2019-03-25

     བུ་མོ་ལ་བྲིས་པའི་བོད་ཡིག་གི་སྙན་ངག་ཅིག་མཐོང་བྱུང་། སྙན་ངག་གི་ཚིག་སྔ་མ་གཉིས་པོ་ཧ་ཅང་སྙན་ཞིང་། རྩོམ་པ་པོའི་རྩོམ་རྩལ་ལེགས་པ་དང་བོད་ཡིག་གི་སྙན་ཞིང་འཇེབས་པའི་སྒྲ་སྦྱོར་གྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་། འོན་ཀྱང་སྙན་ངག་དེ་ཀློག་གིན་ཀློག་གིན་ང་རང་ངལ་ཞིང་དུབ་པར་སོང་། གང་རེད་ཅེ་ན་འོག་གི་སྙན་ཚིག་དེ་ངས་སྦྱོར་ཀློག་བྱེད་ཐུབ་ལ། དེས་ཀྱང་ང་རང་ངོ་ཤེས་པ་ང་ལ་ཡིད་ཆེས་ཡོད་མོད། བློ་ཕམ་པ་ཞིག་ལ་ངས་དེའི་ནང་དོན་རྒྱུས་ལོན་ཐུབ་ཀྱིན་མི་འདུག་པས་རྗེས་ཀྱི་དཔེ་ཀློག་གི་ཚོར་བ་ཉམས་སུ་མྱོང་མ་ཐུབ་སྟབས་བློ་ཕངས་ཤིང་ཡིད་ཆད་པར་གྱུར།

     རེད་ཡ། ངས་བོད་ཡིག་ཡག་པོ་ཞིག་མི་ཤེས། སྐད་ཆ་དེ་ངས་སྔོན་ཆད་ངོ་ཚ་ནས་གདོང་དམར་པོར་གྱུར་ནས་བཤད་མྱོང་བ་དང་། ཐབས་ཟད་འུ་ཐུག་པའི་ངང་བཤད་མྱོང་ཞིང་། བདེན་ཡོད་ཞུམ་མེད་ངང་བཤད་མྱོང་ལ། ཁྲེལ་བགད་ངང་བཤད་ཀྱང་མྱོང་། དུས་ཚོད་མང་ཆེ་བ་ལ་བལྟ་མ་ཤེས་ན་བསྐྱུར་འཇོག་ཅེས་པ་དེ་ངའི་གདམ་ག་རུ་སོང་། དེ་རིང་ཡང་མིག་རིག་རིག་ལ་ཕ་སྐད་ཀྱི་བསམ་པའི་འཚོ་བཅུད་བཟང་པོ་ཞིག་ལོངས་སུ་སྤྱད་རྒྱུའི་སྐལ་བཟང་ཤོར་བས་སེམས་གཏིང་ནས་འགྱོད་གདུང་དྲག་པོ་སྐྱེས་པ་སྨྲ་ལྕེས་བརྗོད་ཐབས་བྲལ་བ་ཞིག་རེད་ཨང་། 

    དེ་ནས་ངས་རང་དབང་མེད་པའི་སྒོ་ནས་འདི་ལྟར་སྙམ་ཏེ། གལ་ཏེ་ངའི་བོད་ཡིག་གི་ཡོན་ཚད་ཅུང་ཟད་བཟང་ན། འགྱོད་པ་འདི་འདྲ་མང་པོ་ཞིག་སྐྱེ་མི་དགོས། ང་རང་གི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། བོད་ཡིག་དཔེ་མཛོད་ཁང་དེ་དག་བརྒྱུད་དུས་བློ་བདེ་བག་ཕེབས་ངང་ནང་དུ་འཛུལ་ཏེ། རང་ཉིད་ཀྱི་ལྟ་འདོད་པའི་དཔེ་ཆ་དེ་བཙལ་ནས་ཐང་ལ་བསྡད་ནས་ལྟ་བའམ་ཡང་ན་ཉོས་ནས་ཁྱིམ་དུ་ཁྱེར་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་བཏང་ནས་དཔེ་ཆའི་ནང་དོན་ལ་མྱོང་རོལ་བྱེད་ཆོག་པ་ལས་བློ་འགྱོད་ཚད་མེད་ངང་བྲོས་འགྲོ་ག་ལ་དགོས། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། ནམ་རྒྱུན་ང་ཚོར་ཆ་རྒྱུས་ཡོད་པའི་བོད་ཁུལ་གྱི་གནའ་ཤུལ་གྲགས་ཅན་དག་མཇལ་སར་འགྲོ་དུས་ངས་མ་བསྐུལ་དང་ལེན་གྱིས་སྤྲོ་སེམས་འཕེལ་བའི་ངང་ནས་སྐྱེས་ཆེན་དམ་པ་དག་ལ་འགྲེལ་བཤད་གནང་རོགས་ཞུ་ངེས་ཡིན་ལ། ངས་ཀྱང་གཟབ་ནན་སྒོས་ཉན་ཞིང་འདྲི་བ་བཏོན་པ་དང་། གནའ་ཤུལ་གྲགས་ཅན་གཅིག་ཀྱང་ལྷག་ཏུ་མི་འཇུག་པ་དང་། ལྡེབས་རིས་གཅིག་ཀྱང་ལུས་སུ་མི་བཅུག་པ་བྱེད་སྲིད་པ་ལས།  རྨོངས་ཚོད་ཀྱིས་གུས་ཕྱག་འཚལ་བ་དང་རྟ་ཐོག་ནས་མེ་ཏོག་ལ་ལྟ་བ་བཞིན་བྱེད་ག་ལ་དགོས། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན།  དུས་ཆེན་གྱི་ངལ་གསོ་ཉིན་མོ་རེ་རེ་ལ་དགའ་ལྷང་ལྷང་ངང་བོད་ཀྱི་ཟློས་གར་ལ་ལྟ་མཁན་ཞིག་ཡིན་ལ། རྫོང་རྒྱབ་ཀླུ་ཁང་དང་ཡང་ན་ནོར་བུ་གླིང་གཡང་ན་ཉང་བྲན་བཅས་སུ་འདུག་ས་ཡག་པོ་ཞིག་བཙལ་ནས་དེར་བསྡད་དེ་སྙན་ཞིང་འཇེབས་པའི་རྣམ་ཐར་ལ་ཉན་ཞོར་འཁྲབ་གཞུང་གི་བྱུང་རིམ་དང་བསྟུན་ཏེ་བགད་ནས་འགྲེ་ལྡོག་རྒྱག་ཆོག་ལ་རང་དབང་མེད་པར་མིག་ཆུ་གཏོང་ཆོགལུས་ལ་བསོད་ནམས་འཁོར་ཞིང་སེམས་ཀྱི་དང་བ་འདྲེན་པའི་ངང་བོད་ཀྱི་ལྷ་མོ་ཟློས་གར་གྱི་མེས་པོ་ཐང་སྟོང་རྒྱལ་པོ་ལ་གུས་ཕྱག་འཚལ་བ་ལས་དོགས་མི་བདེ་བའི་ངང་ལྟ་ཙམ་འཇབ་ཙམ་དང་པར་ཐར་ཐོར་ཞིག་བརྒྱབ་སྟེ་ཕྱིར་ལོག་ག་ལ་དགོས། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། གླིང་སྒྲུང་གི་ཟེར་སྡེ་ཞིག་ཉོས་ཏེ་ཕྱི་དྲོའི་ཉི་འོད་ལྷུག་གེར་འཕྲོས་པའི་ཆོས་ཁང་དུ་བསྡད་ནས་དད་པའི་སྤོས་ཤིག་བསྒྲོན། དཀྲུགས་ཇ་ཞིམ་པོ་ཞིག་འཐུང་ཞོར། སེམས་ལྷོད་ལྷོད་ངང་སྒྲུང་པས་སྒྲུང་གཏམ་ནང་གི་གཡུལ་ས་ལས་རྒྱལ་ཁ་རླབས་པོ་ཆེ་ཐོབ་པའི་བྱས་རྗེས་དག་ལྷུག་པར་བརྗོད་པ་ལ་ལེགས་པར་ཉན་ཆོག་ཅིང་། མཚམས་མཚམས་སུ་ངས་ཀྱང་སྒྲུང་ནང་གི་དུམ་ཚན་ཞིག་ངག་ཏུའང་གྱེར་ཆོག་པ་ལས། ང་རྒྱལ་གྱིས་ཁེངས་ནས་བསྟོད་པའི་མཐེ་བོང་བསྒྲེངས་པ་ཙམ་མ་གཏོགས་དེ་མིན་ཅི་ཡང་མི་གོ་བ་ཞིག་ག་ལ་འགྱུར། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། ངས་འབད་པ་ཆེན་པོས《དེབ་ཐེར་སྔོན་པོ།》དང《དེབ་ཐེར་དམར་པོ།》《མི་དབང་རྟོགས་བརྗོད།》《ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན།》《རྒྱུད་བཞི།》སོགས་ལ་ལྟ་ཆོག་ཅིང་།  བོད་ཡིག་གི་གསུང་རྩོམ་གྲགས་ཅན་འདི་དག་གི་འགྱུར་ཡིག་ནི་ངོ་མཚར་ཆེ་ཞིང་ཁྱད་དུ་འཕགས་པ་ཞིག་ཡིན་མོད། གསོན་ཉམས་ལྡན་ཞིང་རྩོམ་གཤིས་རྣལ་མར་ལྟ་ཀློག་བྱེད་པའི་བྲོ་བ་ནི་དེ་ལས་ཀྱང་བསམ་བརྗོད་ཀྱི་ཡུལ་ལས་འདས། མི་ལ་ཡོན་ཏན་ཡོད་ན་གཤིས་རྒྱུད་བལ་ལས་འཇམ་ཞེས་པ་ལྟར་ངས་ཉམས་ལེན་རྩ་ཆེན་འདི་དག་སྤྱད་དེ་རང་ཉིད་བོད་རིགས་ཤིག་ཡིན་པའི་གཤིས་ཉམས་སྐྱོང་ཆོག་པ་ལས་ལུས་ཕུང་སྟོང་པ་ཞིག་འཁུར་མི་དགོས། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། རྒྱུས་མངའ་ཆེ་བའི་ཁྲོམ་གཞུང་དང་སྲང་ལམ་དུ་འགྲོ་དུས་ངས་ཆེས་ཐོག་མ་ཡིད་འཇོག་བྱ་རྒྱུ་ནི་ཚོང་ཁང་དང་ལས་ཁུངས། བར་ཁྱམས་སོགས་གང་སར་མཐོང་རྒྱུ་ཡོད་པའི་བོད་ཡིག་གི་སྒོ་བྱང་དང་བོད་ཡིག་ཚོང་རྟགས། བོད་ཡིག་གི་གསལ་བཤད་བཅས་ལ་ཆད་ལྷག་ཡོད་མེད་ལྟ་སྲིད་ཅིང་། ཡིག་བསྒྱུར་བྱེད་སྟངས་ཡག་པོ་ལ་དགའ་བའི་འཛུམ་མདངས་འཕྱུངས་ཏེ་བློ་ཡོད་ཅན་ལ་བསྟོད་ར་འབུལ་ཞིང་། ཡིག་བསྒྱུར་བྱེད་སྟངས་ནོར་བ་ལ་ངས་མཛའ་མཐུན་གྱི་སྒོ་ནས་ཕ་རོལ་པོར་གསལ་བཤད་བྱ་རྒྱུ་ཡིན་ལ། ར་མགོ་ལུག་སྦྱར་དང་ཐ་ན་ཡིག་རིགས་གང་རུང་རུང་ངང་སྒྲིག་སྦྱོར་བྱས་ཏེ་བོད་ཡིག་ཡིན་པའི་ཁུལ་བྱས་པ་ལ་རྩད་ཆོད་བྱ་ངེས་ཡིན་པ་ལས་ཅི་ཡང་མི་ཤེས་པའི་ཡིག་རྨོངས་པ་ཞིག་བྱ་མི་དགོས། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། ཆུ་ཚད་མེད་པའི་ཡུལ་སྐོར་སྣེ་ཤན་པས་ངའི་ཕ་ཡུལ་གྱི་བརྗིད་ཆགས་དང་མཛེས་སྡུག་ལ་ཟོལ་སྦྱོར་རྫུན་བཟོ་བྱས་པ་ལ། ངས་རང་ཉིད་ཀྱི་ཤེས་བྱའི་བང་མཛོད་ལས་དགོས་ངེས་ཀྱི་ཤེས་བྱ་དྲངས་ཏེ་ཁོ་ཚོ་ལ་འོས་འཚམ་ངང་ཁུངས་སྐྱེལ་ལུང་འདྲེན་ཐོག་དངོས་མཐོང་བདེན་རྟོགས་བྱས་ནས་ཁོ་ཚོའི་རང་རྟགས་དམར་རྗེན་དུ་བཏོན་ཏེ་འཚབ་འཚུབ་ངང་བྲོས་སུ་བཅུག་ཆོག་པ་ལས་ཅི་བྱ་གཏོལ་མེད་དང་ཁ་གདངས་མིག་བགྲད་ནས་མི་འདུག་ཀ་མེད་ག་ལ་འགྱུར། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། བོད་ཡིག་གི་ཆ་འཕྲིན་འཚོལ་བཤེར་མ་ལག་ཐོག་མ་དེ་དྲྭ་ཐོག་སྤྱོད་འགོ་ཚུགས་པ་ནས་དགའ་འབོད་ཐེངས་ཤིག་བྱས་རྗེས་རང་ཉིད་ཀྱི་ཁ་པར་དང་རྩིས་འཕྲུལ་དུ་སྒྲིག་འཇོག་བྱས་ནས་ནོར་བུ་ཞིག་ལོན་པ་བཞིན་བཀོལ་སྤྱོད་གང་མང་བྱས་ཏེ་དེ་ལས་ཆེ་ཞིང་གསར་པའི་བོད་ཡིག་ཤེས་བྱའི་རྒྱ་མཚོ་རུ་འཇུག་ཆོག་པ་ལས།གནས་སྐབས་ལ་ཚ་བ་རྒྱས་པ་ལྟར་ཕབ་ལེན་བྱས་རྗེས་དེ་ནས་རང་དགར་སྣང་མེད་དུ་བསྐྱུར་ག་ལ་སྲིད། 

    གལ་ཏེ་ངའི་བོད་ཡིག་ཡོན་ཚད་ཅུང་ཟད་བཟང་ན། ངས་བོད་སྐད་ཡང་དག་པ་ཞིག་དེ་བས་བཤད་ཐུབ་ཅིང་། རྒན་པ་ཚོ་དང་ཁ་བརྡ་གཏིང་ཟབ་བཤད་ཆོག་པ་དང་། གནའ་རབས་ཆེ་མཚར་གྱི་གཏམ་རྒྱུད་ལ་ཉན་ཆོག་ལ།དེ་མིན་སྤོབས་པ་ཆེན་པོས་བྱིས་པའི་དོགས་གནད་སེལ་ཆོགགནའ་སྔ་ཞིང་ཁྱད་མཚར་ལྡན་པའི་སྒྲུང་གཏམ་ཀྱང་བཤད་ཆོག་པ་ལས་འུ་ཐུག་ཐབས་ཟད་པའི་སྐད་ཆ་འགའ་བཤད་རྒྱུ་མེད་པས་ཁྲལ་སེལ་སླ་བཅོས་སམ་ཡང་ན་མི་གཞན་རོགས་ལ་བཀུག་ག་ལ་དགོས། 

    བྲིས་ནས་འདིར་ཐོན་དུས།འགྱོད་པའི་མིག་ཆུ་དབང་མེད་དུ་ཤོར་ཞིང་། སྐད་གྲགས་ལྡན་པའི་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་གི་སྙན་ངག《ལན་ཟློག་པ།》ཞེས་པ་དེ་དྲན་བྱུང་། 

    ཡ་མ་ཞུན་གཙང་པོས་ཧིན་རྡུའི་གནའ་གླུར་རྔམ་ཟིལ་བསྣན་པར་བདག་གིས་བསྟོད་པར་འདོད་ཅིང་། 

    ཉི་ལོ་གཙང་པོས《ཞག་མ་སྟོང་ཕྲག་གཅིག་དང་གཅིག》གཟི་འོད་གཅིག་ཏུ་བསྡུས་པར་བདག་སྨོན་ཡང་། 

    རྒྱུ་མཚན་དེའི་རྐྱེན་གྱིས་ངས་རང་གི་སྐྱེ་ཡུམ་མཆོག་ལ་གཏམ་ངན་ཚིག་ཚོགས་ཁ་རུ་མི་འབྱིན་སྟེ།

    རྨ་འབྲི་གཙང་པོས《གེ་སར་སྒྲུང》གི་དཔལ་ཡོན་ངོ་མཚར་ཆེ་བའི་འཇིག་རྟེན་འདིར་བྱིན་བས་སོ།།

    མི་རིགས་སོ་སོའི་དཔལ་ཡོན་ལོ་རྒྱུས་ནི་སྟེང་ཕྱོགས་ལྷ་ཡིས་གནང་བ་མིན།།

    ང་ཡི་འོས་འགན་ནི་གཞན་གྱི་རྒྱན་ཆས་བདག་གི་མ་ཡུམ་མཛེས་པར་མ་ཡིན་གྱི།

    ཨ་མའི་ནུ་ཞོ་དེ་སྙན་ཚིག་འབྲི་བའི་བློ་རིག་ཏུ་བསྒྱུར་པ་དེ་ལགས་སོ།།

    རེད་ཡ། ངས་ཨ་མའི་ནུ་ཞོ་དེ་སྙན་ཚིག་འབྲི་བའི་བློ་རིག་ཏུ་བསྒྱུར་དགོས་ཤིང་། སྟབས་ལེགས་པ་ཞིག་ལ་ད་ལྟ་ནས་བོད་ཡིག་སྦྱངས་ན་ད་དུང་མི་འཕྱིའོ།།

  • ལེ་ཚན་སྔོན་མ།:མི་ཆོས་འབྲེལ་འཛིན་རྩ་འགངས་ཆེ་འམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།