རྒྱ་བོད་ཡིག་སྒྱུར་བྱེད་དུས་ཡིག་སྒྱུར་གྱི་རྩ་དོན་གསུམ་བརྩི་སྲུང་བྱེད་དགོས་པའི་ཐད་རགས་ཙམ་གླེང་བ།

མིག་དམར་དོན་གྲུབ་ཀྱིས་བྲིས།        2019-07-29

      དེང་རབས་ཚན་རིག་ཆ་འཕྲིན་ལག་རྩལ་ལ་ཉིན་བཞིན་འགྱུར་བ་འགྲོ་བ་དང་།  རིག་གནས་སློབ་གསོ་དང་སྨྱན་སྦྱོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟ་བུའི་གོང་འཕེལ་འགྲོ་བཞིན་ཡོད། འདུ་ཤེས་འཛིན་སྟངས་དང་བསམ་བློའི་ཁྱབ་ཁོངས་ཀྱི་གོང་འཕེལ་གསར་གཏོད་བཅས་དང་བསྟུན་ནས།  རྒྱ་སྐད་ནང་ཐ་སྙད་གསར་པ་ཐོན་ཚད་ཇེ་མང་དང་ཇེ་མགྱོགས་སུ་འགྲོ་བ་དང་།  འབོར་གྲངས་ཇེ་མང་དུ་འགྲོ་གི་ཡོད་པ་རེད།  ཐ་སྙད་དེ་དག་བོད་ཡིག་གི་ངོས་ནས་བཤད་ན་ཐ་སྙད་གསར་པ་ཡིན་པས་མདོ་དབུས་ཁམས་གསུམ་གྱིས་ལོ་ཙཱ་བ་རྣམས་ཀྱིས་ཕན་ཚུན་བརྗེ་རེས་བྱས་ཏེ་ཚད་གཞི་ཅན་གྱི་ཡིག་བསྒྱུར་བྱས་ནས་སྐད་ཡིག་སྤེལ་རེས་བྱེད་པའི་འགོག་རྐྱེན་སེལ་དགོས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་རེད། 

       རྩོམ་པ་པོས་རང་ཉིད་ཀྱིས་ལོ་བཅུ་ཕྲག་ལྷག་གིས་རྒྱ་བོད་ཡིག་སྒྱུར་ལས་ཀའི་ལག་ལེན་དངོས་གྱི་ཉམས་མྱོང་ཐོག་ནས། མ་ཡིག་ནང་ལྟར་འཇོག་པ་དང་། ཤེས་སླ་ལ་གོ་བདེ་བ། ཚིག་སྙན་ལ་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་ཉམས་རང་སོར་འཇོག་པ་སོགས་ཕྱོགས་གསུམ་ཐད་རྒྱ་བོད་ཡིག་སྒྱུར་བརྒྱུད་རིམ་ནང་བརྩི་སྲུང་བྱེད་པའི་རྩ་དོན་དང་གང་ལ་གང་འཚམ་གྱི་འབྲེལ་ཡོད་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིབ་ཕྲ་གླེང་བ་དང་། ཡིག་བསྒྱུར་བྱེད་དུས་མ་ཡིག་ལ་གོ་བ་ཟབ་པོ་ལེན་ཏེ་སྒྱུར་ཐབས་དང་སྒྱུར་རྩལ་གྱི་ཐོག་ནས་ནང་དོན་འཕྱུགས་པ་མེད་པའི་སྒོ་ནས་དོན་སྟོན་ཐུབ་དགོས་པའི་ཐད་རང་ཉིད་ཀྱི་ལྟ་བ་བརྗོད་ཡོད་པ་རེད།

      རང་རྒྱལ་མི་རིགས་ཁག་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ནང་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེ་གསར་བསྐྲུན་བྱེད་ཡོད། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེ་ཡོད། སྐད་དང་ཡི་གེ་དེ་ཚོར་རང་ལ་ཁྱད་དུ་འཕགས་པའི་དམིགས་བསལ་གྱི་རང་བཞིན་དང་ཐུན་མོང་གི་རང་བཞིན། ཀུན་འདུས་རང་བཞིན་ལྡན་པ་རེད །སྐད་དང་ཡི་གེ་མི་འདྲ་བའི་རྐྱེན་གྱིས་ཕན་ཚུན་བར་སློབ་སྦྱོང་དང་། བརྗེ་རེས་བྱེད་དགོས་དུས། ཡིག་བསྒྱུར་ནི་དེའི་བར་གྱི་གསེར་གྱི་འབྲེལ་ཟམ་ལྟ་བུ་མེད་དུ་མི་རུང་བ་ཞིག་ཡིན། སྐད་དང་ཡི་གེ་ཅི་འདྲ་ཞིག་ཡིན་ནའང་དེ་སྐད་རིགས་གཞན་ཞིག་ཏུ་བསྒྱུར་དགོས་དུས་ངེས་པར་དུ་ཡིག་བསྒྱུར་གྱི་རྩ་དོན་གསུམ་ལ་བརྩི་སྲུང་བྱེད་དགོས།རྩ་དོན་གསུམ་ནི་མ་ཡིག་ནང་ལྟར་འཇོག་བ་དང་། ཤེས་སླ་ཞིང་གོ་བདེ་བ། ཚིག་སྙན་དོན་ཟབ་པའི་ཕུན་སུམ་ཚོགས་པའི་རིག་རྩལ་ཉམས་བཅས་ཡིན་ཏེ།  གལ་སྲིད་རྩ་དོན་དེ་གསུམ་དང་འགལ་ན། ལོ་ཙཱ་བ་ཡག་པོ་ཞིག་ཏུ་གཏན་ནས་རྩིས་རྒྱུ་མེད། དེ་དང་འདྲ་བ། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་བོད་ཡིག་བསྒྱུར་ལའང་ངེས་པར་དུ་རྩ་དོན་དེ་གསུམ་འཛོམས་དགོས།

    གཅིག   མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་འཇོག་དགོས་པ་དེར་མ་ཡིག་ནང་ལྟར་འཇོག་ཟེར།

    མ་ཡིག་ནང་ལྟར་འཇོག་ཟེར་རྒྱུ་ནི་ཡིག་བསྒྱུར་བརྒྱུད་རིམ་ནང་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་སྒྱུར་དགོས། ཡིག་བསྒྱུར་དེར་མ་ཡིག་ནང་དོན་ཇི་མ་ཇི་བཞིན་བསྒྱུར་མ་ཐུབ་ན། ཅི་འདྲ་ཡག་པོ་ཞིག་བསྒྱུར་ཡོད་བསམ་ནའང་དོན་སྙིང་མེད། དེ་བས། མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་བསྒྱུར་རྒྱུ་ནི་ཡིག་བསྒྱུར་ལས་ཀའི་ནང་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན་ཐོག་མ་ཡིན།

རྒྱ་བོད་ཡིག་བསྒྱུར་ནང་། ཐོག་མར་ནང་དོན་ཇི་མ་ཇི་བཞིན་བསྒྱུར་བའི་རྨང་གཞི་ཐོག་ཚིག་ཡག་པོ་སྣོན་ཤེས་དགོས། བསྒྱུར་ཟིན་དེ་མ་ཡིག་གི་བསམ་བློའི་ནང་དོན་ཆ་ཚང་བ་ཞིག་སྟོན་ཐུབ་དགོས། དེར་ཡིག་བསྒྱུར་གྱི་ཐབ་རྩལ་དགོས་ལ། སྟོན་པའི་རྣམ་པ་དང་ཚིག་སྦྱོར་སྦྲེལ་སྟངས་སོགས་ཡག་པོ་བྱེད་དགོས།གལ་སྲིད་ང་ཚོས་ཡིག་བསྒྱུར་ བརྒྱུད་རིམ་ནང་མ་ཡིག་གི་ནང་དོན་ལྟར་ཇི་མ་ཇི་བཞིན་བསྒྱུར་བའི་ཆེད།ཚིག་སྦྱོར་སྟངས་ཐད་སྣང་མེད་འཇོག་ཡོད་ན།ཡིག་བསྒྱུར་དེ་ཚིག་སྙན་པོ་དང་ཡིད་དུ་འོང་བ་ཞིག་རེད་མི་ཐུབ།དཔེར་ན། “海螺沟加大旅游宣传”ཚིག་དེའི་ནང་གི་དུང་དཀར་ལུང་པ་ཞེས་པ་ནི་ཡུལ་ལྗོངས་ས་ཁུལ་ཞིག་ཡིན། དྲིལ་བསྒྲགས་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོར་འགྱུར་མི་ཐུབ། གལ་སྲིད་ཐད་ཀར་དུང་དཀར་ལུང་པའི་ཡུལ་སྐོར་དྲིལ་བསྒྲགས་རྒྱ་ཆེར་བཏང་ཞེས་བསྒྱུར་ན་དགོད་བྲོ་བ་ཞིག་ཡིན། བྱེད་འབྲེལ་ལས་ཚིག་དང་བྱ་བྱེད་ལས་གསུམ་སྤྱོད་ཤེས་མེད་པ་རེད། དེ་མིན་གལ་སྲིད་དུང་དཀར་ལུང་པའི་རྗེས་ལ་ཚིག་དོ་དམ་ཅུས་ཞེས་པ་ཞིག་སྣོན་ན། ཚིག་དེ་དུང་དཀར་ལུང་པའི་དོ་དམ་ཅུས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་རྒྱ་ཆེར་བཏང་ཞེས་ནང་དོན་ཕུན་སུམ་ཚོགས་ལ་རྣ་བར་སྙན་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་གྲུབ་ཐུབ་པ་རེད།

     ད་དུང་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་བསྒྱུར་བའི་ཐོག་ཚིག་བསྡུས་ཐུབ་དགོས། ཁྱད་པར་དུ་བོད་ཡིག་ནི་དབྱིན་ཇི་ཡི་གེ་དང་འདྲ་བ་ཀ་ཁ་སུམ་ཅུ་ཕན་ཚུན་སྒྲིག་སྦྱོར་བྱས་ནས་ནང་དོན་སྟོན་པ་ཞིག་ཡིན། རྒྱ་ཡིག་དེ་བོད་ཡིག་ཐོག་བསྒྱུར་དུས་རྒྱ་ཡིག་གི་ཡིག་འབྲུ་ལས་བོད་ཡིག་ཅུང་མང་བ་རེད། གལ་སྲིད་ང་ཚོས་ཡིག་བསྒྱུར་བྱེད་དུས་ནང་དོན་ཇི་མ་ཇི་བཞིན་བསྒྱུར་བའི་ཆེད་ཚིག་བསྡུས་རྒྱུར་སྣང་མེད་འཇོག་ན། ཡིག་བསྒྱུར་བྱས་ཚར་དུས་མིག་ནང་འོང་བ་ཞིག་མིན། དཔེར་ན།“全县各地积极开展先教活动”ཚིག་དེའི་ནང་རྫོང་ཡོངས་ཞེས་བསྒྱུར་ཚར་དུས་ས་གནས་ཁག་བསྡུ་ཆོག  གལ་སྲིད་ཡིག་བསྒྱུར་ནང་ཡིག་འབྲུ་དེ་གཉིས་མ་ཡིག་ནང་བཞིན་བསྒྱུར་ན་ཆོག་ཀྱང་། དེ་དགོས་པ་མེད་སྙམ། དེ་བས་ས་གནས་ཁག་ཅེས་པ་དེ་མེད་པ་བྱེད་ཆོག ཚིག་གྲུབ་འདྲ་མོ་ཐག་གཅོད་བྱེད་དུས་བསྡུ་ཤེས་དགོས། དཔེར་ན།“工作环境、学习环境、生活环境都要加以改善”ཚིག་གྲུབ་དེའི་ནང་། གལ་སྲིད་ཇི་མ་ཇི་བཞིན་བསྒྱུར་བའི་ཆེད་ཡིག་འབྲུ་བསྡུ་རྒྱུར་སྣང་མེད་བཏང་ན། ལས་དོན་ཁོར་ཡུག་དང་། སློབ་སྦྱོང་ཁོར་ཡུག འཚོ་བའི་ཁོར་ཡུག་ལེགས་བཅོས་གཏོང་དགོས་ཞེས་པ་ལྟར་སྡུད་སྒྲ་ཡག་པོ་ཞིག་སྤྱོད་ཐུབ་མེད་དེ་འདོན་མི་བདེ་ལ་བོད་ཡིག་འགྲོ་ལུགས་དང་མི་མཐུན་པ་རེད། གལ་སྲིད་དང་སྒྲའི་བསྡུས་འབྱེད་དེ་ཡག་པོ་སྤྱོད་ཤེས་ནས།ལས་དོན་དང་། སློབ་སྦྱོང་། འཚོ་བའི་ཁོར་ཡུག་སོགས་རིམ་པ་བཞིན་ལེགས་བཅོས་གཏོང་དགོས་ཞེས་བསྒྱུར་ན་བོད་ཡིག་འགྲོ་ལུགས་དང་མཐུན་ལ་འདོན་དུས་རྣ་བར་སྙན་ཞིང་གོ་བདེ་བ་ཞིག་ཡིན་པར་སྙམ།

    གཉིས་པ།གོ་བདེ་ཞིང་ཤེས་སླ་བ་དེར་ནང་དོན་སྟོན་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་བཅུག་དགོས།

    གོ་བདེ་བ་ཞེས་པ་ནི་ཡིག་བསྒྱུར་བྱེད་པའི་ནང་གོ་བདེ་ཞིང་ཤེས་སླ་བ་ཞེས་པ་དེ་ཡིན།གལ་སྲིད་ཡིག་བསྒྱུར་དེ་ཐད་ཀར་མ་ཡིག་གི་ནང་དོན་རྒྱུས་ལོན་མ་ཐུབ་ནས་གང་   བྱུང་གི་བསྒྱུར་ན་བསྒྱུར་རྩོམ་ཡག་པོར་འགྱུར་མི་ཐུབ། ཐོན་མི་སམ་བྷོ་ཊས་བོད་ཡིག་སྒྲིག་སྦྱོར་བྱས་ནས་བཟུང་། བོད་རིག་གནས་ཀྱིས་རྒྱ་གར་རིག་གནས་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་ལོ་ངོ་སྟོང་གི་རིག་གནས་འདུས་འགྲིག་གི་བརྒྱུད་རིམ་བརྒྱུད་དེ། བོད་མི་རིགས་རང་ཉིད་ཁྱད་ལྡན་གྱི་སྒྲ་རིག་པ་དང་ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་སོགས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་བཅུ་ཕྲག་རིག་གནས་ཀྱི་རིག་གཞུང་རྨང་གཞི་ཡག་པོ་ཡོད། བོད་རིགས་ལོ་རྒྱུས་ཐོག་རིག་གཞུང་དེ་ཚོ་སྒྱུར་དུས་མ་ཡིག་ནང་དོན་ལ་བརྩི་སྲུང་དང་རང་མི་རིགས་སྐད་དང་ཡི་གེའི་འགྲོ་ལུགས་དེ་རྨང་གཞི་བྱེད་དགོས་རྒྱུ་བདེན་དཔང་གསལ་པོ་བྱས་ཡོད། མ་ཡིག་གི་སྐད་ཆའི་ཁོར་ཡུག་གསར་སྐྲུན་རང་བཞིན་སྒོ་ནས་མ་ཡིག་གི་ནང་དོན་མི་འགྱུར་བའི་ཐོག་ནས་རང་མི་རིགས་ཀྱི་སྐད་དང་ཡིག་གེའི་འགྲོ་སྟངས་ལྟར་བསྒྱུར་དགོས་མ་གཏོགས།ཐད་ཀར་བསྒྱུར་མི་རུང་། རྒྱ་སྐད་ཀྱི་མིང་གཅིག་དོན་དུ་མར་འཇུག་ཚུལ་རང་སྐད་དུ་བསྒྱུར་པ་མི་དག་པ་དང་གོ་དཀའ་ཞིང་ཚིག་གྱོང་བའི་སྣང་ཚུལ་རྒྱུན་དུ་མཐོང་། དོན་དུ་མར་འཇུག་པའི་མིང་དེ་ཚིག་གི་བརྗོད་ཚུལ་བྱེ་བྲག་པའི་ནང་དུ་དོན་གཅིག་ལ་མ་གཏོགས་མི་འཇུག་པ་ནི་རྒྱ་བོད་སྐད་ཡིག་གི་ཁྱད་ཆོས་གཞན་ཞིག་ཡིན། མིང་གཅིག་གི་དོན་དེ་སྐད་ཆའི་གནས་སྐབས་སོ་སོ་རུ་དོན་གྱི་འཇུག་ཚུལ་ཡང་ཐ་དད་དུ་གནས་པས་ན། རྒྱ་བོད་ཡིག་བསྒྱུར་སྐབས་སུ་མ་ཡིག་གི་མིང་ཚིག་སྔ་ཕྱིའི་དོན་ལ་ཞིབ་ཏུ་བརྟགས་ནས། སྐབས་དེའི་འཇུག་དོན་དེ་ཉིད་ཀྱི་གོ་བ་ཟབ་མོ་ལོན་རྒྱུ་ནི་བོད་སྐད་དུ་སྒྱུར་བའི་གནད་འགག་ཏུ་གྱུར་ཡོད།དཔེར་ན།如:胸有成竹ཁོག་པ་ནང་ལ་སྨྱུག་མ་ཡོད་ཅེས་བསྒྱུར་ན་ཧ་ཅང་དགོད་བྲོ་བ་ཞིག་ཡིན། དེར་གདེང་ཚོད་ཡོད་པ་ཞེས་བསྒྱུར་དགོས། ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་བསྒྱུར་དགོས་མ་གཏོགས་ཡིག་འབྲུ་ལྟར་རེ་རེ་བཞིན་ཐད་བསྒྱུར་བྱས་ན་ཧ་ཅང་ངོ་ཚ་མོ་གནས་སུ་ལྷུང་། སྐད་ཡིག་སྔོན་རྗེས་ཚིག་སྦྱོར་སྟངས་ཀྱང་ཡག་པོ་ཤེས་  དགོས།དཔེར་ན།如:“学习某某人的什么什么精神”之类的句子བློ་མཐུན་ག་གེ་མོའི་   སློབ་སྦྱོང་སྙིང་སྟོབས་བྱེད་དགོས་ཞེས་བསྒྱུར་ན་ཧ་ཅང་དགོད་བྲོ་ཞིག་ཡིན། ཡང་དག་པ་ནི་བློ་མཐུན་ག་གེ་མོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ཞེས་བསྒྱུར་ན་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་སྟོན་ཐུབ། སྤྱི་ཁྱབ་ཐོག་བརྗོད་ན། ཡིག་བསྒྱུར་བྱེད་པའི་ལོ་ཙཱ་བ་ཞིག་ཡིན་དུས། མ་ཡིག་ཅི་འདྲ་ཞིག་དང་འཕྲད་ནའང་དང་ཐོག་མགོ་ནས་མཇུག་བར་ནང་དོན་ཆ་ཚང་ཞིག་བལྟས་ནས་ག་ལེར་རང་མི་རིགས་ཀྱི་སྐད་དང་ཡི་གེའི་འགྲོ་སྟངས་ལྟར། མ་ཡིག་གི་ནང་དོན་མི་འགྱུར་བའི་ཐོག་ནས་གོ་བདེ་ཞིང་ཤེས་སླ་བ་ཞིག་བསྒྱུར་དགོས།

     གསུམ་ནི་ཚིག་སྙན་ལ་དོན་ཟབ་པ་དང་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་ཉམས་དེས་མི་རྣམས་སེམས་འགུལ་ཐུབ་དགོས།

     ཉམས་ཞེས་པ་ནི་མ་ཡིག་གི་ནང་དོན་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་ཐོག་ནས་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང་མིང་ཚིག་ཡག་པོ་སྦྱོར་ནས་སྒྱུར་རྩོམ་གྱི་རྩོམ་རྩལ་དེ་རང་སོར་འཇོག་དགོས། མ་ཡིག་ནང་བཞིན་བརྗོད་དོན་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཡོད་དགོས། གཙོ་བོ་སྙན་རྩོམ་བསྒྱུར་དུས་ཉམས་དེར་རང་སོར་འཇོག་རྒྱུར་དོ་སྣང་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེ།

     མ་ཡིག་གི་ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་དེ་ངེས་པར་དུ་མིང་ཚིག་དང་ཚིག་གྲུབ་ཕུན་སུམ་ཚོགས་པ་སྤྱོད་དགོས། ཡིག་སྒྱུར་བས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་གསལ་པོ་གོ་དགོས་ལ། རིག་གནས་དང་ཕུན་སུམ་ཚོགས་པའི་སྐད་དང་ཡི་གེའི་རྨང་གཞི་ཡག་པོ་ཞིག་ཡོད་དགོས། དེ་མིན་ན་ཡིག་སྒྱུར་ཕུན་སུམ་ཚོགས་པ་ཞིག་ཡོང་མི་ཐུབ།

      ཡིག་བསྒྱུར་ལས་བྱེད་པས་ལས་འགན་ཧ་ཅང་ལྗིད་པོ་ཡིན། ཡིག་བསྒྱུར་ས་ཁོངས་སུ་འགྲན་རྩོད་ཀྱི་ཁེངས་ཡོད། དཔེར་ན།主持人ཞེས་པར་ཨ་མདོ་བས་མདོ་འཛིན་པ་ཞེས་བསྒྱུར་བ་དང་། ཁམས་པ་བས་འགོ་འཛིན་པ་ཞེས་བསྒྱུར། དབུས་གཙང་གིས་གཙོ་སྐྱོང་བ་ཞེས་བསྒྱུར་སྟངས་གསུམ་ཡོད་དེ། གལ་སྲིད་རིག་གནས་ཡིག་བསྒྱུར་ཐད་ཕན་ཚུན་བརྗེ་རེས་མ་བྱེད་དེ་མིང་ཚིག་གསར་པ་གཅིག་གྱུར་མ་བྱས་ན། ང་ཚོའི་མི་རིགས་ཀྱི་སྐད་དེ་གཅིག་གྱུར་ཡོང་དགོས་ན་ཧ་ཅང་དཀའ་མོ་ཡིན། ཡང་དཔེར་ཞིག་བཞག་ན། མིང་ཚིག་གསར་པ་“两学一做”ལྟ་བུར་མཚོན་ན། མི་འགའ་རེས་གཉིས་སྦྱོང་གཅིག་སྒྲུབ་དང་། འགའ་རེས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་ཞེས་བསྒྱུར་སྟངས་གཉིས་ཡོད་པ་རེད། ངོ་མ་བཤད་ན་གཉིས་ཀ་གང་རུང་ཞིག་སྤྱོད་ནའང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཞིག་ཡིན་ཡང་། མདོ་དབུས་ཁམས་གསུམ་གྱི་རྒྱང་བསྒྲགས་དང་གསར་འགྱུར་ལས་ཁུངས་སོགས་ཀྱིས་ཡིག་བསྒྱུར་བ་རྣམས་ཀྱིས་བོད་ཀྱི་གཏམ་དཔེ་ལྟར་སྦལ་བས་རང་སྦོམ་བསམ། སྦྲུལ་གྱིས་རང་རིང་བསམ་ཞེས་པ་བཞིན་རང་གིས་བསྒྱུར་སྟངས་དེ་གཞན་ལས་ཁྱད་དུ་འཕགས་སྙམ་ནས་ཕན་ཚུན་བརྗེ་རེས་མི་བྱེད་དེ་མིང་ཚིག་གསར་པ་དེ་ཚོ་གཅིག་འགྱུར་ཞིག་བྱེད་མ་ཐུབ་ན་དུས་ཡུན་རིང་པོ་ཞིག་སོང་དུས་ང་ཚོའི་རྗེས་རབས་པ་ཚོར་ཧ་ཅང་དཀའ་བའི་གནད་ཞིག་ཏུ་འགྱུར་ངེས་རེད། གོ་ལ་ཅན་བརྒྱུད་རིམ་མགྱོགས་སུ་གཏོང་བ་དང་བསྟུན་ནས། འཛམ་གླིང་རིག་གནས་མཉམ་འདུས་རྣམ་པ་སྣ་མང་ཅན་དང་མགྱོ གས་མྱུར་ཅན་དེ་བས་ཚབས་ཆེན་ཡིན་དུས། ཡིག་བསྒྱུར་ལས་བྱེད་པས་རིམ་པ་ལྟར་རྒྱལ་སྤྱི་ཅན་དང་ཆ་འཕྲིན་ཅན། ཚན་རིག་ཅན་ཁྱོན་ཡོངས་སུ་སྤེལ་བཞིན་ཡོད། འཛམ་བུ་གླིང་དེ་ཅི་འདྲ་འཕེལ་རྒྱས་འགྲོ་ནའང་སྐད་དང་ཡི་གེ་དང་ཁ་བྲལ་ཐབས་མེད། ཡིག་བསྒྱུར་དེས་གོ་ལ་ཡོངས་ཀྱི་སྐད་དང་ཡི་གེ་བར་ཕན་ཚུན་འབྲེལ་ལམ་གྱི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་ཐུབ་པ་དང་། མིའི་རིགས་སྔོན་ཐོན་རིག་གནས་བར་ཕན་ཚུན་བརྗེ་རེས་དང་། སློབ་སྦྱོང་། མཉམ་འདྲེས། ཁྱབ་སྤེལ་བྱེད་པར་སྐུལ་སྤེལ་བྱེད་བཞིན་ཡོད། ལོ་རྒྱུས་ཀྱི་བརྒྱུད་རིམ་ཆེན་པོ་དེའི་ནང་ལོ་ཙཱ་བ་ནི་མེད་དུ་མི་རུང་བའི་གཙོ་ཁྲིད་ནུས་པ་ཞིག་ཡིན། ལོ་ཙཱ་བའི་ཡིག་བསྒྱུར་ཆུ་ཚད་མཐོ་དམའ་དེས་ཐད་ཀར་རིག་གནས་བརྗེ་རེས་ལ་ཤུགས་རྐྱེན་ཐེབས་པ་རེད། དེ་བས་ལོ་ཙཱ་བས་མུ་མཐུད་ནས་རང་ཉིད་ཀྱི་ཡིག་བསྒྱུར་ཆུ་ཚད་མཐོར་རུ་བཏང་བ་དང་། རྒྱ་བོད་སྐད་ཡིག་གཉིས་ཡག་པོ་སྦྱངས་ཏེ། དུས་ཐོག་ཏུ་སྲིད་ཇུས་དང་ཇུས་གཞི། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཡག་པོ་རྒྱུས་ལོན་བྱས་ནས་ཡིག་བསྒྱུར་དེ་ཕན་ཚུན་བརྗེ་རེས་དང་མིང་ཚིག་གསར་པ་གཅིག་འགྱུར་བྱེད་   དགོས་རྒྱུ་ནི་མདོ་དབུས་ཁམས་གསུམ་གྱིས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལས་དང་གསར་འགྱུར་བྱེད་པ་རྣམས་ལ་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན་ཏེ། རང་མི་རིགས་ཀྱི་སྐད་དང་ཡི་གེ་དེ་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་མིང་ཚིག་གསར་པའི་དྲག་རླབས་ཁྲོད་དུ་ནམ་ཡང་རང་ཉིད་ཀྱིས་ཐུན་མོང་མིན་པའི་བརྡ་སྤྲོད་རིག་གཞུང་དང་སུམ་ཅུ་པ་སོགས་ཡང་དག་པ་སྤྱད་ནས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་དང་གསར་འགྱུར་ལས་སྒྲུབ་མི་སྣ་ཡོངས་ཀྱིས་ཡིག་བསྒྱུར་ཆུ་ཚད་དེ་ཉིན་རེ་བཞིན་སྐས་རིམ་གསར་པ་ཞིག་ཏུ་སླེབས་བར་འབད་འབུངས་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།།


  • ལེ་ཚན་སྔོན་མ།:བོད་སྐད་བརྡ་ཆད་གསར་པ་1500ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།