ངའི་མཐོ་འབྲིང་གི་འཚོ་བ།

མགར་ཐང་དཀར།        2021-03-30

      སྨྱུ་གུས་ཟློས་གར་འཁྲབ་སྟེ་ང་རང་ནར་སོན་སའི་གཞིས་ཀ་གྲུ་བཞི་དེ་ནི་ངའི་སྐྱིད་མ་སྡུག་གསུམ་གྱི་འཚོ་བའི་ཀློང་ན་ཁུ་སིམ་སིམ་གྱིས་ང་རང་དང་ལྷན་དུ་གནས་པའི་ངའི་མཐོ་འབྲིང་གསུམ་པ་ཡིན།

     ང་ཆེས་ཐོག་མར་མཐོ་འབྲིང་ཞེས་པའི་མིང་ཚིག་འདི་དང་ཉེ་བར་བཅར་དུས་ང་ལ་བཤད་མི་ཤེས་ཤིང་བྲིས་མི་ཚར་བའི་གཏམ་རྒྱུད་མང་པོ་ཞིག་གིས་སྔོན་བསུ་བྱས་ཡོད་པ་འདྲ་སྟེ།ངས་དེ་དག་ཡོད་ཚད་ཕྱིར་དྲན་གྱི་ཀློང་ནས་བསྙལ་ཏེ་མཐོ་འབྲིང་གི་འཚོ་བར་དངོས་སུ་ཞུགས་པ་ཡིན།ངས་རིམ་གྱིས་ཉིན་ནས་ཉིན་དང་ལོ་ནས་ཟླ་བརྩེགས་ཏེ་མཐོ་འབྲིང་གི་འཚོ་བར་རོལ་མྱོང་བྱས་ནས་ཡོང་བ་ཡིན་མོད།ད་ནི་ཕྱིར་འདང་ཞིག་བརྒྱབ་སྟེ་རང་ཉིད་ལ་འདྲི་གཞི་འགའ་བཙལ་ཏེ་མཐོ་འབྲིང་གི་འཚོ་བ་ནི་དོན་དམ་དུ་ག་འདྲ་ཞིག་རེད་ཟེར་ན་ང་ལ་དངོས་གནས་ཡིག་ཐོག་དང་ངག་ཐོག་གང་ནས་ཀྱང་ཨ་ལན་མི་འདུག རྒྱུ་མཚན་ངས་ཆེས་ཟབ་སར་འཛུལ་ཡོད་སྙམ་གྱིན་པ་དག་དོན་ངོ་མར་མཐོ་འབྲིང་གི་འཚོ་བ་ངོ་མ་དེ་མིན་པར་ཆེས་སྤྱིར་བཏང་དང་ཆེས་མཁོ་མེད་ཀྱི་ཚོར་སྣང་ཙམ་མོ།

      འོ་ན་ངའི་མཐོ་འབྲིང་འཚོ་བ་ངོ་མ་དེ་ནི་ག་འདྲ་ཞིག་ཡིན་ནམ་ཟེར་ན།དེ་ནི་སྐབས་རེར་ཡིད་ཆེས་དང་།ཡང་ལན་རེར་རེ་ཆད་ཀྱིས་མནར་བས་དགའ་སྡུག་གཉིས་འདྲེས་ཀྱི་འཚོ་བ་དེ་ཡིན་ངེས་ལ།ཡང་ན་དགེ་རྒན་གྱི་བསྟོད་བསྔགས་དང་སློབ་གྲོགས་ཚོས་མཐེ་བོང་བསྒྲེངས་མྱོང་བའི་ལོ་ཟླ་དེ་དག་ཀྱང་ཡིན་སྲིད།ད་དུང་ཨ་ཕས་སྡིགས་མོ་དང་ཨ་མས་མིག་ཆུ་བཏང་ནས་བསྐྱལ་ཡོང་བའི་ལོ་ཟླ་དེ་དག་ཀྱང་ཡིན་སྲིད།སྤྱིར་ན་མཐོ་འབྲིང་ཞེས་པ་འདི་སློབ་མ་དག་ནར་སོན་གྱི་ལམ་མདོ་ལྟ་བུ་ཞིག་ཡིན་ཞིང་།ཕུགས་འདུན་གྱི་མིག་ཟུང་རྒྱང་ལ་གཏད་སའི་གར་སྟེགས་ཆེན་པོ་ཞིག་ཀྱང་རེད།ཡིན་ཡང་རང་ཉིད་ཀྱིས་མྱངས་ཚར་བའི་མཐོ་འབྲིང་གི་འཚོ་བར་ཕྱིར་མིག་ཅིག་བལྟས་ན་རང་ཉིད་ཀྱིས་ལུས་སོང་བ་མང་ལ་གྲུབ་ཡོད་པའང་མི་ཉུང་བས་ངས་མཐའ་གཅིག་ཏུ་དགེ་རྒན་དག་ལ་བཀའ་དྲིན་ཞུ་དགོས་སྙམ།རྒྱུ་མཚན།བསླབ་གནས་མཐོ་དམའ་གང་ཡིན་ཡང་སློབ་མ་དག་གི་སློབ་རའི་འཚོ་བའི་གཏམ་རྒྱུད་མང་པོ་ཞིག་དགེ་རྒན་དག་གིས་མ་བསྐྲུན་པ་ཞིག་ཕལ་ཆེར་ཡོད་མི་སྲིད།དེ་བས་ངས་མཐོ་འབྲིང་འཚོ་བ་གླེང་ཞོར་ཟུར་ནས་དགེ་རྒན་དག་གི་མཛད་རྗེས་དང་བཀའ་དྲིན་ཉག་ཙམ་གླེང་བ་ཡིན།

      གང་ལྟར་ང་རང་རིང་རྒྱུ་ཐུང་རྒྱུ་མེད་པའི་མཐོ་འབྲིང་མི་ལོ་གསུམ་ལ་འཇུས་ནས་མི་རིང་བར་གྱེས་དགོས་པས།ངས་རང་ཉིད་ཀྱིས་མྱངས་ཟིན་པ་དང་མྱོང་གིན་ཡོད་པས་མཐོ་འབྲིང་གི་འཚོ་བ་ནི་ལན་རེར་སྐྱུར་ཞིང་སྐབས་རེར་འཇམ་པའི་རྩྭ་སྨན་ཞིག་དང་འདྲ་འདུག་ཅེས་ང་ལས་ལོ་ན་ཕྲ་བའི་རྗེས་རབས་པ་དག་ལ་བཤད་འདོད་ཡོད།རྒྱུ་མཚན་ང་ལ་དགེ་རྒན་གྱི་རྒྱབ་རྟེན་དང་སློབ་གྲོགས་དག་གིས་བསྩལ་བའི་སྙིང་སྟོབས་ཡོད་པས་ཡིན།མཇུག་མཐར་ངས་ཆེས་བཤད་འདོད་པ་དེ་ནི་མདོར་བསྡུས་ན་མཐོ་འབྲིང་ཞེས་པ་ནི་མི་གཤིས་ཀུན་སྤྱོད་དང་།རང་འགུལ་སློབ་སྤྱོང་བྱེད་སའི་ཆེས་མཛེས་སྡུག་འོད་སྟོང་ལྡན་པའི་གཞིས་ཁྱིམ་དྲོན་མོ་ཞིག་རེད་ཅེས་བཤད་རྒྱུ་ཡིན།ངས་ད་དུང་ངའི་མཐོ་འབྲིང་འཚོ་བའི་ཟུར་སོ་སོ་ན་གནས་སྡོད་བྱས་ཡོད་པ་མཐའ་དག་དང་ལྷན་དགེ་སློབ་ཀུན་པོ་ལུས་བདེ་སེམས་སྐྱིད་དང་བྱ་ལས་ཆོས་བཞིན་འགྲུབ་པར་བཀྲ་ཤིས་སྨོན་ལམ་འདེབས།།



  • ལེ་ཚན་སྔོན་མ།:གསར་བུ་རྟ་དཀར་ཅན་གྱི་བསྙེལ་ཟིན།
  • ལེ་ཚན་རྗེས་མ།:རི་སྐྱེས་མེ་ཏོག