སྙིང་ཉེ་བའི་མི་ལགས། ས་རུབ་ཀྱིན་འདུག

བཙན་མི།        2021-03-10

རྟ་ཕོ་ནག་ནག་ཅིག་རྒྱང་རིང་གི་རྩྭ་ཐང་བསྐྱུར་ཏེ་འུ་ཚང་གི་རྩྭ་རའི་ནང་རྒྱུག་འོང་བཞིན་འདུག ལྷང་ལྷང་གི་འཚེར་སྐད་དང་། མྱུར་མྱུར་གྱི་བང་རྩལ་གྱིས། འུ་ཚང་ལ་འབྲེལ་བ་མེད་པ་ཐང་གང་དྲུད་ནས་རྒྱུག་འོང་གིན་འདུག འུ་ཚང་གི་རྩྭ་ར་པད་མའི་ཞིང་ས་འདིར་འཚེར་སྐད་ཐེངས་ཤིག་གིས་སྤྲིན་དཀར་བསྡུ་ཞིང་། མྱུར་མགྱོགས་ཀྱི་བང་ཁ་རླུང་ལ་འགྲན་བཟོད་པའི་གྱི་ལིང་རབ་ཏུ་མང་བ་མ་ཡིན་ནམ། ཐག་རིང་ནས་ཐག་ཉེར་བཅར་གྱིན་པའི་རྟ་ཕོ་ནག་ནག་འདིའི་གོམ་ཁའི་བར་ན་རྡུལ་འཚུབ་ཀྱིན་འདུག རྡུལ་ཕྲན་རེ་རེ་ང་ཚོའི་སྒེའུ་ཁུང་གི་ཤེལ་ལེབ་སྟེང་དུ་ཆགས་ཤིང་། འཁྲུལ་སྣང་གི་རི་བོང་དང་ཆོ་འཕྲུལ་གྱི་བྱེའུ་འགའ་ཡི་རྣམ་པ་བཟོས་ཡོང་། དེ་གཉིས་དང་ཁ་ཐག་མི་རིང་བ་ཞིག་ཏུ་རྒས་པོ་རྟ་ཞོན་ཞིག་ཐག་རིང་དུ་འགྲོ་བཞིན་པའི་ཚུགས་ཀ་དོད་འོང་། སྐབས་དེར་སད་འོས་ཀྱང་། རྟ་པ་དེ་ནི་གློག་བརྙན་ནང་གི་གཟུགས་མེད་ཀྱི་ཞགས་པ་ཐོགས་པའི་ཤན་པ་བཞིན། ཡིད་ཀྱི་མེ་ལོང་ནང་དུ་འཁོར་བའི་རི་དྭགས་རྣམས་ཁེར་ཁེར་བྱས་ནས་བཟུང་སོང་།

ངས་མི་ལོ་སྟོང་གི་ཡར་སྔོན་ལ་བསམ་བློ་བཏང་མྱོང་ལ། ད་དུང་དེ་ལས་ཀྱང་རྒྱང་རིང་བའི་རྡོ་ཆས་གསར་རྙིང་གི་དུས་ལ་ལག་མྱོང་བྱ་མྱོང་། དེ་བས། ས་རུབ་པ་ནི་སྣང་ཚུལ་རིགས་ཤིག་གི་གྲུབ་ཚུལ་ཡིན་པ་རྟོགས་ཀྱང་། རྟ་ཕོ་ནག་ནག་དེ་བཞིན་ཐག་རིང་ནས་འོང་ཞིང་། རྨིག་རྡུལ་ཕྲ་མོས་མངོན་སུམ་ལ་ཅོ་འདྲི་གནང་བར་བཟོད་སྒོམ་བྱ་ཐབས་མི་འདུག ངས་རང་ཉིད་ཀྱི་ཁྱིམ་གཞིས་ལ་ཟངས་མདོག་དཔལ་རིའི་བརྩེ་འདང་ཡོད་པས། སྨུག་པའི་ནང་དུ་ཡལ་གྱིན་པའི་སྒོ་ཁའི་རྩྭ་ར་དེ་དཔྲལ་བའི་དཀྱིལ་གྱི་མིག་ཟུང་བཞིན་བསྲུང་དགོས་སྙམ། ཕམ་ཁ་རིགས་ཤིག་གིས་ང་རང་གཏན་དུ་གསོད་པར་བྱེད་འགྲོ་ནའང་། ངས་རུས་པ་འདི་ས་ལ་ཁྲོག་སེར་མ་འཐོར་བར་དུ། ཡང་ན་སྙན་ངག་པ་ལྟར་རང་གཞན་གཉིས་ཀྱི་མིག་ཆུ་འཐུང་བཞིན། སྐྱེ་བ་གཅིག་གི་ལ་མོ་འདི་རྐང་བས་བརྒལ་མ་ཐུབ་བར་དུ། ཕམ་ཁའི་གཡང་གཟར་ནས་ཡར་ལ་འགོ་དགོས་འདོད།

ས་རུབ་པ་དང་མཉམ་དུ་འཇིགས་སྣང་གི་རི་བོ་ཞིག་ལུས་སྟེང་དུ་ཞིག་མི་འོང་ནའང་། ས་རུབ་པ་དང་ལྷན་དུ་ཚེ་སྲོག་རྟ་རྔ་འདྲ་བོ་ཐག་སེར་ཆད་མི་འགྲོ་ནའང་། འཇིག་རྟེན་འདི་མགོ་བོ་བསྲིངས་ཏེ་ཅི་དགར་ལྟ་ཆོག་པའི་སྒེའུ་ཁུང་ཞིག་ཡིན་པའི་དབང་དུ་བཏང་ན། ས་རུབ་པ་ནི་སྒེའུ་ཁུང་དེར་ཡོལ་བ་ནག་པོ་ཞིག་འཐེན་པ་བཞིན། སྒོ་འགྲམ་ནས་གསོམ་སྡོང་དེ་སྡོང་ཕྲུག་ནས་སྡོང་རྒན་དུ་གྱུར་བའི་གོ་རིམ་གྱིས་བསྩལ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། བར་སྣང་ན་གཡོ་བའི་སྤྲིན་དཀར་གྱི་འདུ་འགོད་སོ་སོར་འཐོར་བའི་མི་རྟག་པའི་ངང་ཚུལ་ལ་ཆམ་ནད་ཕོག་སྟེ། ཀེམ་ཀེམ་གཡོ་བའི་མིག་ལམ་དུ་ཅི་ཡང་སྣང་མི་ཐུབ་པ་བཞིན། སྡོད་ཁང་གི་གྲུ་ལོགས་ན་རྐུ་ལ་ཞུགས་པའི་ཙི་གུ་དང་། ཅོག་སྒམ་དུ་མཐོན་པོར་བརྩིགས་པའི་དཔེ་དེབ་ཀྱི་ཁ་བྱང་དང་ཡིག་འབྲུ་རེ་རེའང་བར་སྣང་དུ་འཕངས་བའི་མདའ་མོ་བཞིན་ཆེ་བ་ནས་ཕྲ་བའི་གོ་རིམ་ལ་བར་བརྒལ་བྱས་འགྲོ། དེ་བས། དུས་ཚོད་ཀྱི་བང་རིམ་ནས་རྨི་ལམ་ཡོད་ཚད་རྨི་ལམ་དུ་གྱུར་བར་མ་ཟད། མངོན་སུམ་ཡོད་ཚད་ཀྱང་མངོན་སུམ་གྱི་གྲིབ་མའི་ནང་དུ། སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ལྷག་སྲིད། ཡང་བསམ་གཞིགས་རེ་བྱས་ན། ས་རུབ་པ་ནི་རྨི་ལམ་གྱི་མགོ་བརྩམས་པ་ཡིན་པས། རྨི་ལམ་ནི་རང་ཉིད་ཀྱི་ཐུགས་ཀ་ནས་ལེན་ཆོག་པའི་གཏེར་མཛོད་ཅིག་ཡིན་འདོད་མོད། འོན་ཀྱང་། ས་རུབ་རྗེས་རྨི་ལམ་དུ་སྣང་བ་ཐམས་ཅད་རྩྭ་མགོར་འཁྱིལ་བའི་ཟིལ་བ་བཞིན་མཛུབ་མོ་ཐུག་ཙམ་གྱིས་ས་གཞི་ཆེན་པོའི་འབྱུང་ཁམས་ལ་འཐིམ་འགྲོ་བ་ནི་ཡ་ངའང་སྙམ།

སྙིང་ཉེ་བའི་མི་ལགས། ས་རུབ་ཀྱིན་འདུག རྟ་ཕོ་ནག་ནག་དེ་རྒྱང་རིང་ནས་འུ་ཚང་གི་རྩྭ་རྭར་གཏད་དེ་ཤོར་འོང་བ་བཞིན་ས་རུབ་ཀྱིན་འདུག ཁྱོད་ལ་སྟ་གོན་གང་ཡང་མེད་དམ། ཉི་མ་ནུབ་ཁར། རྟ་ཕོ་ནག་ནག་དེ་འུ་ཚང་གི་རྩྭ་རའི་ནང་ལ་བསླེབས་བྱུང་། ཁོས་གང་ལའང་ཁ་ཡ་མི་བྱེད་པར་ཉག་ཕྲ་བའི་རྩྭ་རྐང་རེ་རེ་ཧྲུག་ཧྲུག་གིས་ཟ་བཞིན་འདུག ཁྱོད་ཀྱིས་མ་མཐོང་ངམ། རྟ་ཕོ་དེས་མེ་ཏོག་རེ་རེའི་མགོ་བོ་བཅད་པ་ན་མི་ལོ་སྟོང་ལ་རྡུལ་གྱིས་འགོས་མ་མྱོང་བའི་འུ་ཚང་གི་སྒེའུ་ཁུང་ནང་དུ་ས་རུབ་ཀྱིན་འདུག སྒེའུ་ཁུང་དེ་ནས་མཐོང་བའི་གནའ་བོའི་འཇིག་རྟེན་དང་མ་འོངས་པའི་ཞིང་ཁམས་གཉིད་དུ་ཡུར་གྱིན་འདུག ཨ་ཕས་བཤད་ན། དུས་ཚོད་ཀྱི་འཁོར་ལོ་ཕྱིར་སྐོར་རྒྱོབས་དང་། སྒེའུ་ཁུང་ནང་གི་ན་བུན་དམིགས་མེད་ཀྱི་དབྱིངས་ལ་ཡལ་འགྲོ་ཟེར། ཨ་མྱེས་བཤད་ན། སྒེའུ་ཁུང་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་ལོ་རྒྱུས་ལྡན་པའི་འུ་ཚང་གི་མིག་གཉིས་ཡིན་ཟེར། སྙིང་ཉེ་བའི་མི་ལགས། ཁྱོད་ཀྱིས་གང་ཡང་མ་བྱུང་བ་ལྟར་སྡོད་གཟོད་ཡོད་དམ། རྟ་ཕོ་ནག་ནག་དེ་དུས་ཚོད་ཀྱི་རྩྭ་ཆུར་རོལ་ནས་ཡུན་རིང་ཞིག་འགོར་སོང་། ད་ནི་འུ་ཚང་གི་སྒོ་ཕྱུགས་དག་མུ་གེས་མནར་གྱིན་འདུག སྙིང་ཉེ་བའི་མི་ལགས། ད་བར་འུ་ཚང་གི་བར་སྣང་ན་གཟིམ་ལ་ཉེ་བའི་སྐར་མ་འགའ་ཤས་ལས་ཅི་ཞིག་འདུག་ཨང་།


 

  • ལེ་ཚན་སྔོན་མ།:དུས་ཚོད་ཀྱི་གཙང་བོར་ནུབ་དོགས་ཀྱི་སེམས་ཁྲལ།
  • ལེ་ཚན་རྗེས་མ།:རང་གི་ཞེ་སྡང་ལ་རང་གིས་ཚོད་འཛིན་བྱོས།