​སྟོན་ཁ། སྟོན་ཁ།

བསོད་ནམས་དབང་རྒྱལ་གྱིས་བསྒྱུར།        2021-02-03

     ས་འཛིན་སྒེག་མོ་ཐག་འཁྱུད་མེ་ཏོག་གིས་ཧྲིལ་གྱིས་ཁེབས་པས་འབའ་འབུར་དོ་མི་སྙོམས་ལ།ནམ་རྒྱུན་རྦ་རླབས་ཀྱི་ཟེགས་མ་རེ་རེ་ངའི་སྒེའུ་ཁུང་ངོས་སུ་འཕྱོས་རྗེས་དྲག་ཤུགས་ཐོལ་གྱིས་ཇེ་ཆུང་དུ་བུད་འགྲོ།

     སྟོན་གྱི་ཉི་འོད་ནི་གསེར་མདངས་ཆེམ་ཆེམ་འཕྲོ་བའི་ལྕགས་རིགས་ཤིག་གམ། ཡང་ན་ཞ་ཉེ་དང་མིག་ལ་འཚེར་བའི་མདོག་དཀར་པོ་ཞིག་ཡིན་ལ། བློ་རིག་རྣམ་པར་རྒོད་པའི་གནའ་མི་རྒད་པོ་སུ་ཞིག་གིས་ལྗང་མདོག་གི་སྡོང་བུ་དཔྱིད་ཀྱི་དཔེ་དང་གསེར་མདོག་ལྡན་པའི་ལྕགས་རིགས་སྟོན་གྱི་དཔེ་རུ་དྲངས་སོང་ངམ། ང་ཚོ་ཚང་མ་དཔྱིད་ཀྱི་ལྗང་མདོག་ལ་དགའ་ནའང་། སྟོན་གྱི་ཐལ་མདོག་གིས་ང་ཚོའི་དང་བ་འདྲེན་མི་ཐུབ་དོན་ཅི་ཡིན།

     ང་རང་གཞིས་ཆགས་སའི་གྲོང་ཁྱེར་གྱི་དབྱར་དུས་རིང་དྲགས་པས་སྟོན་ལ་ཐོན་པའི་དུས་ནི་ཅུང་འཕྱི་མོད། འོན་ཀྱང་བརྟན་ཞིང་བརླིང་པའི་གསེར་མདོག་གི་དུས་ཚིགས་འདི་དབྱར་གྱི་ཟིལ་གྱིས་མནན་མེད་པ་ནི།ང་ཚོས་བསིལ་རླུང་དང་ད་སོ་མར་བྲེགས་པའི་རྩྭའི་དྲི་བསུང་ལས་ཤེས་ཐུབ།

    ད་ནི་མི་ཚེའི་བཞུད་ལམ་ཁྲོད་བརྒྱུད་པའི་སྟོན་ཁ་ཐེངས་ཉེར་ལྔ་པར་སླེབས་ཡོད་ཀྱང་སྔར་བཞིན་ཡིད་སེམས་གཡོ་བར་བྱེད་པས།སྙན་ངག་པ་ཞིག་གིས“སྔར་བཞིན་མཛེས་ཉམས་ལ་དགའ”ཞེས་པ་དང་འདྲ།

    རེད་ལགས། མི་ཚེའི་བཞུད་ལམ་ཁྲོད་ཀྱི་སྟོན་ཁ་ཐེངས་ལྔ་བཅུ་པ་དེར་ཐོན་དུས།ང་རང་སྔར་བཞིན་སྟོན་གྱི་མཛེས་པ་ལ་སེམས་པ་འཆོར་སྲིད་སྙམ་པའི་སྐྲག་སྣང་ཞིག་ངང་གིས་སྐྱེས།

    སྐབས་དེར། ནན་ཅིང་དུ་སྡོད་དུས་ངས་ད་གཟོད་བྱ་བ་ཙག་ཙིག་ལ་མཉམ་གཞག་པ་དང་།གདངས་ཤིང་གི་ལོ་མ་དག་ཉལ་ལ་ཉིལ་ལེར་ལྷུང་འགོ་བརྩམས་པ་དང་མཉམ་དུ་ངའི་སེམས་སུའང་ལྐོག་གྱུར་གྱི་མཛེས་ཚོར་མང་པོ་བྱིན་ལ། ང་གློ་བུར་དུ་མགོ་རྨོངས་པར་གྱུར་ཅིང་། ངའི་སེམས་འགྱུ་ཕྲ་མོ་འདིས་དགའ་ཚོར་དྲག་པོ་འདི་ཐེག་པར་དཀའ། ངས་དེ་ལྟར་ཐམ་ཐོམ་ངང་ལོ་མ་གཅིག་ལག་ཏུ་བླངས་ཤིང་། ལོ་མ་དེའི་མདོག་ནི་སེར་ནག་ཅིག་དང་དབྱིབས་ནི་ཅུང་ཙམ་གུག་སྟེ་ཡོད་པས། ཕུགས་བསམ་ཁུར་བའི་གྲུ་ཆུང་ཞིག་དང་འདྲ་ལ། གྲུ་གཤོག་གཉིས་ཀྱི་སྟེང་དུ་མཛེས་ཤིང་སྡུག་པའི་གདངས་ཤིང་གི་མྱུ་གུ་རེ་འབུས་འདུག རླུང་བུ་གཡུགས་ཐེངས་རེར་ང་རང་ལྷབ་ལྷུབ་ལྷུང་བའི་ལོ་མའི་ཁྲོད་བརྒྱུགས་ཏེ་གདངས་ཤིང་གི་མྱུ་གུ་རུམ་གང་འཐུ་ངེས་་ཡིན་ལ། ངས་འཐུ་མ་ཐུབ་པའི་མྱུ་གུ་རྡོག་གཅིག་གཉིས་རེ་གནས་དེར་འབུས་ཡོད་ངེས། ལོ་ངོ་ཉི་ཤུ་ལྷག་འགོར་སོང་། ངས་སླར་ཡང་རྒྱང་རིང་ནས་ལྡང་འོང་བའི་ནུབ་རླུང་གི་སྒྲ་ཐོས་ལ། རླུང་ཁྲོད་ན་ལྷབ་ལྷུབ་ཏུ་ལྷུང་བའི་ལོ་མ་དག་མཐོང་བར་མ་ཟད། ཕུགས་བསམ་ཁུར་བའི་གྲུ་ཆུང་དེ་རྩྭ་ཐང་སྟེང་དུ་བསྐྱོད་པ་མཐོང་ཞིང། ལོ་མའི་ནང་དུ་སིམ་པའི་རེ་བ་དེ་དག་མཐོང་བྱུང་།

     ཡང་ས་སྲོད་ཀྱི་དུས་ལ་ཉི་ཁྱམས་ཆུང་ངུ་ལས་ཕྲེང་ལྟར་བསྒྲིགས་པའི་གནའ་བོའི་མཁར་གྱང་དག་དྲན། ས་སྲོས་དང་སྟོན་ཁའི་ཞི་འཇགས་ཀྱི་ཁེར་རྐྱང་ཁྲོད་སུ་ཞིག་གིས་སྐྱོ་ལྷང་ལྷང་གི་གླིང་བུ་བུས་སོང་ངམ། ང་འདི་ལྟ་བུའི་སྐྱོ་དབྱངས་ལ་རབ་ཏུ་དུངས། ཨ་ཁུ་ཆུང་བས་ང་རང་མཁར་གྱང་དག་གི་འགྲམ་དུ་ཁྲིད་དེ་སོང་ལ། ལམ་འགྲམ་གྱི་རྡོ་བ་ཁྲ་ཁྲ་དེ་དག་དང་གང་སར་སྐྱེས་པའི་རྩྭ་ལྡུམ་དེ་དག་གིས་ང་ལ་སྨྲ་མི་ཤེས་པའི་སེམས་འགུལ་ཐེབས་སུ་བཅུག ནར་སོན་རྗེས། ཞིན་ཅཱ་ཞོན་གྱི་སྙན་ཚིག་བཀླགས་རྗེས་སྐྱོ་ལྷང་ལྷང་གི་ཡིད་ཡུལ་དེ་ནི་ཧ་ཅང་རྒྱུས་ཆེ་བར་སྣང་ཡང་། དོན་ལ་ང་ནི་སྙན་ཚིག་ལ་རྒྱུས་ཆེ་བ་མ་ཡིན་པར་ནན་ཅིང་མཁར་གྱི་སྟོན་ལྗོངས་ལ་རྒྱུས་ཆེ་བ་ཙམ་མོ།།

     རྗེས་སུ། ལིའུ་ཀྲོའུ་གྲོང་ཁྱེར་ལ་ཐོན་དུས། གྲོང་ཁྱེར་ཧྲིལ་པོ་རི་དང་ནགས་ཀྱིས་ཁེབས་འདུག་ལ། སྲང་ལམ་དུ་བསྐྱོད་སྐབས་ལམ་གྱི་གཞོགས་གཉིས་ལས་ཚ་ལུ་མའི་དྲི་བསུང་གང་སར་ཁྱབ་འོང་། སློབ་གྲྭའི་མདུན་ཕྱོགས་སུ་རི་བོ་ཞིག་ཡོད་ལ། ནམ་རྒྱུན་དེ་ནི་ས་རྒྱུས་བསླབ་དེབ་ནང་གི་རི་བོ་དེ་དག་ཡིན་པར་འོལ་ཚོད་བྱས། སྟོན་གྱི་དུས་སུ་རི་བོ་དེས་གསེར་མདོག་གི་ལྭ་བ་མནབས་ཤིང་ནམ་མཁའ་དུས་ཚིགས་གཞན་ལས་ཀྱང་སྔོ་ཞིང་བསངས།

     ངས་གུས་ཉམས་དང་བཅས་པའི་སྒོ་ནས་གྲོགས་པོ་ལ“ཡཱོན་ཡཱོན། ཁྱོད་ཀྱིས་བལྟས་ན་འུ་ཚོའི་མཛེས་རྩལ་དགེ་རྒན་གྱིས་མིག་མདུན་གྱི་རི་བོའི་མཛེས་པ་འདི་བྲིས་ཡག་པོ་ཞིག་འཁྱོངས་རྒྱུ་ཨེ་རེད།”ཅེས་དྲིས་པ་ན། མོས་ཧ་ཅང་སྙིང་ཉེ་བའི་སྒོ་ནས“འཁྱོངས་རྒྱུ་རེད། འཁྱོངས་ཁོ་ཐག་ཡིན།འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཉེ་ལམ་ཁོ་ལག་རྩེད་སྤོ་ལོ་བརྩེས་ཏེ་ལག་པར་རྨས་སྐྱོན་ཅུང་ཕོག་འདུག དེ་མིན་ཚེ་ཁོས་ལིའུ་ཀྲོའུ་གྲོང་ཁྱེར་ཡོངས་དང་། གོ་ལའི་ཁྱོན་ཡོངས་རི་མོར་འབྲི་ནུས།”ཞེས་བཤད།

   ཡུད་ཙམ་ཞིག་ལ་ངེད་གཉིས་ཁ་རོག་གེར་བསྡད་རྗེས། ངས“ངོ་མ་ཡིན་ནམ”ཞེས་དྲིས་པ་ན།

   མོས“ལོས་ཡིན། ངོ་མ་ལོས་ཡིན”ཞེས་བཤད།

   ངས་ཁོ་མོའི་ཕྱོགས་སུ་བལྟས་ཏེ་ཅུང་འགོར་རྗེས་སླར་ཡང་མཐོ་ཞིང་བརྗིད་ལ་མཛེས་ཤིང་སྡུག་པའི་རི་བོ་དེའི་ཕྱོགས་སུ་བལྟས།

    ཡང་ངས་གློ་བུར་དུ“དཔེ་མི་སྲིད”ཅེས་ཁ་ཚོན་ཆོད་པའི་སྒོ་ནས་བཤད།

    ཉིན་དེའི་རྩོད་གླེང་ཅི་ལྟར་མཇུག་སྒྲིལ་བ་བརྗེད་འདུག་ལ། མིང་ལ་ཡཱོན་ཡཱོན་ཞེས་འབོད་པའི་བུ་མོ་དེ་དང་ངེད་གཉིས་ཀྱང་ཁ་བྲལ་ནས་ལོ་ངོ་བཅུ་གྲངས་ལྷག་འདས་སོང་། གལ་སྲིད་ངེད་གཉིས་སླར་ཡང་མཇལ་ཚེ་ངས་སྔར་བཞིན་རང་གི་ལྟ་བ་རྒྱུན་འཁྱོངས་བྱེད་ཐག་ཆོད་ཡིན།

    མི་སུ་ཞིག་གིས་ཀྱང་རི་བོ་དེ་རི་མོར་འབྲི་མི་ཐུབ་ཐག་ཆོད་ཡིན།

    ན་ནིང་ང་རང་ཡང་བསྐྱར་མིང་ལ་ཡཱོན་ཡཱོན་ཞེས་འབོད་པའི་བུ་མོ་ཞིག་ལ་འཕྲད་པ་དང་། ངས་བྲེལ་མྱུར་ངང་མོ་ལ“ཡཱོན་ཡཱོན། ད་ལྟ་ཁྱེད་ཀྱིས་ངའི་ལྟ་བ་དེ་དང་ལེན་བྱེད་དམ”ཞེས་དྲིས་པ་ན། མོས་འཛུམ་མདངས་དང་བཅས་ཏེ“ང་གནས་འདི་དང་གྱེས་དེ་ག་ཙམ་ཞིག་ལོན་པ་མི་དྲན”ཞེས་བཤད།

     འོ་ན་ཁོ་མོ་ཁྱོད་རང་མིན་ཐག་ཆོད་རེད། མི་སུ་ཞིག་གིས་ཀྱང་ལིའུ་ཀྲོའུ་བརྗེད་མི་སྲིད། གནས་འདིའི་སྔོ་ཐིང་ཐིང་གི་ནམ་མཁའ་དང་། རྔམ་བརྗིད་ལྡན་ལ་ཡིག་ཚོགས་ཀྱིས་ཞིབ་འབྲི་བྱེད་མི་ནུས་པའི་རི་བོ་དག་བརྗེད་མི་སྲིད།

     ཉི་མ་རེ་རེ་བཞིན་ནུབ་རླུང་གིས་དེད་པ་ལྟར། ལྕགས་རིགས་ཀྱི་གཤིས་དང་ལྡན་པའི་དགའ་སྤྲོའི་དྲིལ་སྒྲ་འཁྲོལ་བའི་ཉིན་གྲངས་དུ་མ་དག་ཟད་པར་གྱུར་ལ། མི་རྣམས་གཞི་ནས་ནར་སོན་ཞིང་། 《སྟོན་ཀའི་བསྔགས་པ》ཀློག་ཤེས་པར་གྱུར་ལ། ལྕགས་རྟར་ཞོན་ཤེས་ཤིང་། ལུའུ་ཧྥང་ཝུན་གྱི“རྣ་ཟུང་སྟོན་རླུང་ལ་གཏོད་ཅིང་ཉན”པའི་གདེང་དང་ཡང་ལྡན་པར་གྱུར།

     སྟོན་གྱི་འགྲུལ་བཞུད་དག་པར་དེབ་དག་ལ་བལྟས་ཚེ་མངོན་པར་དྲན་འོང་ལ། འགྲོ་འདོད་དེ་ཙམ་མེད་པའི་ཡུལ་སྐོར་དེ་རྫོགས་རྗེས། འགྲུལ་བཞུད་རླངས་འཁོར་ལ་བསྡད་དེ་ཕྱིར་འོང་བ་དྲན།

    ངས་ཀྲི་ལ“ཁྱོད་རང་དུས་ཚིགས་གང་ལ་དགའ་འམ”ཞེས་དྲིས་པ་ན།

     མོས“སྟོན་ཁ”ཞེས་ལན་སྟབས་བདེ་ཞིག་གནང་ཞིང་། མིག་ཀོང་དུ་སྟོན་གྱི་མཛེས་སྡུག་ཡོད་ཚད་མངོན་འདུག

    ངའི་ཡིད་སེམས་གློ་བུར་དུ་དགའ་སྤྲོའི་ཁེངས་ལ། ངས“ངའང་སྟོན་ཁར་དགའ། ང་ཚོ་ཚང་མ་སྟོན་ཁར་དགའ་འོ།།”ཞེས་བཤད།

    ཁོ་མོས་ང་ལ་སྟོན་ཁའི་རི་ཆུ་ནགས་གསུམ་དང་། སྟོན་ཁའི་ཞིང་གྲོང་གི་འཚོ་བ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་བཤད་པར་མ་ཟད།རྫིང་བུ་ཆུང་ཆུང་དེའི་འཁྲིས་སུ་གཉིད་ལོག་པའི་ངང་ཚུལ་དང་ནགས་གསེབ་ཀྱི་བརྗོད་མི་ཚར་བའི་གཏམ་རྒྱུད་མང་པོ་ལབ།

    རླངས་འཁོར་ལམ་ཕྲན་བརྒྱུད་དེ་མུ་ནས་མུ་རུ་བསྐྱོད། འབབ་ཚིགས་རེ་ནས་སློབ་གྲོགས་རེ་མུ་མཐུད་དེ་བབས་པས། རླངས་འཁོར་ནང་གི་མི་རྣམས་རིམ་གྱིས་ཇེ་ཉུང་དུ་གྱུར་ཏེ་དལ་ཅག་གེར་ལུས།

    ངས་གློ་བུར་དུ་མགོ་བོ་མར་ལ་བསྒུར་ནས“ཀྲི། ནམ་ཞིག་གི་ཚེ་ང་ཚོ་ཚང་མ་ལོ་ན་རྒས་ཤིང་མི་ཚེའི་ཁྲོད་ཀྱི་གྲོགས་པོ་དག་རེ་རེ་བཞིན་སྤྱི་སྤྱོད་རླངས་འཁོར་ལས་བབས་ཏེ། འདུག་སྟེགས་དག་སྟོང་སིང་ངེར་གྱུར་བའི་དུས་དེར་ཁྱོད་ཀྱིས་ཅི་ཞིག་བྱ་སྲིད”ཞེས་དྲིས།

    མོས་ཡིད་སྐྱོ་བའི་ངང“ངའི་སེམས་པ་ཧ་ཅང་སྐྱོ་སྲིད”ཅེས་བཤད།

     ཀྲི། ང་ཚོས་ཡང་སྙིང་ཅི་ཞིག་སྒྲུབ་བཞིན་ཡོད་དམ། དོན་ལ་ང་ཚོས་བུད་མེད་ལོ་ཆུང་ཚོའི་གླེན་གཏམ་འབའ་ཞིག་ལབ་པ་ལས། འུ་ཐུག་ཐབས་ཟད་ཀྱི་སྡུག་བསྔལ་དེ་དག་ལ་ང་ཚོས་རྒྱུས་ལོན་བྱ་ག་ལ་ནུས།འོན་ཀྱང་། ང་ཚོས་མཉམ་དུ་ནགས་གསེབ་ནས་དཔེ་ཆ་བཀླགས་ཤིང་ཕུགས་བསམ་གླེང་བའི་ལོ་ཟླ་དེ་དག་ནི་ཧ་ཅང་མཛེས་སྡུག་ལྡན་པའོ།།

     ཡིན་ནའང་། ད་ལྟ་ཁྱེད་རང་དབུས་རྒྱུད་ཀྱི་ནགས་ཁུལ་དུ་ཆོས་སྤེལ་མཁན་ཞིག་དང་འདྲ་བར་བྱ་བ་སྒྲུབ་བཞིན་ཡོད་ལ། ནང་སེམས་ཀྱི་ཟབ་ས་ནས་ས་དེའི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་བཞིན་མཆིས། ད་ལོའི་སྟོན་མགོར་ངེད་གཉིས་སླར་ཡང་ཐེངས་གཅིག་མཇལ་ལ།སེམས་ཁམས་སྔར་བཞིན་སྐྱིད་པར་མ་ཟད་ཁྱེད་ཀྱིས་སླར་ཡང་སྟོན་ཁ་དང་འབྲེལ་བའི་གཏམ་རྒྱུད་དག་བརྗོད།

     ལན་རེར། ང་རང་ཉིད་གཅིག་པུ་རི་བོ་མཐོན་པོ་ཞིག་གི་མགོར་འཛེགས་ཤིང་། རི་རྒྱུད་མང་པོ་ཞིག་བརྒལ་རྗེས་གློ་བུར་དུ་འགྲེང་སྟེ་བསྡད་པ་དང་། ཕྱོགས་ཀུན་རྔམ་ཞིང་བརྗིད་པའི་རི་བོས་བསྐོར་ཞིང་། ནམ་མཁར་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་སྔོ་ཞིང་བསངས་པས། གནས་འདི་ཅི་འདྲའི་མཛེས་ཤིང་སྡུག་པ་ལ་ཨང་།

     ཀྲི། ངས་ཁྱེད་ཕྱོགས་སུ་བལྟས་ཚེ་སེམས་སུ་བདེ་སྣང་གིས་ཁྱབ་འོང་། ཁ་གྱེས་ཏེ་ལོ་ངོ་མང་པོ་ཞིག་འགོར་སོང་མོད། ང་ཚོ་ཚང་མ་རང་རང་སར་བདེ་ཞིང་སྐྱིད་པོར་གནས་ཡོད་ལ། བླ་ན་མཐོ་བའི་ཕུགས་འདུན་དེའང་མངོན་འགྱུར་བྱུང་ཡོད།

      ཡིན་ནའང་། ད་ལྟ་ང་གནས་སའི་གྲོང་འདིའི་སྟོན་ཁའི་རི་བོ་དག་སྐྱ་ཐལ་ལེར་གྱུར་འདུག་ལ། ལན་རེར་མི་རྣམས་གྲང་ཞིང་འདར་བར་བྱེད་པའི་ཆར་བ་རེ་འབབ་ལ། དེའི་རྗེས་སུ་ཟླ་འོད་མག་མོག་ཅིག་ཤར་བ་དེས་མི་སེམས་མི་སྐྱོ་རང་སྐྱོར་བསྒྱུར་ངེས། ཁྱོད་རང་གནས་གང་དུ་ཡོད། ཁྱོད་གནས་སའི་གཞིས་ཀའི་ཕྱིའི་ཡུལ་ལྗོངས་དག་ཀྱང་རྣམ་པ་གཞན་ཞིག་ཏུ་འགྱུར་ཡོད་དམ། སྟོན་ཁ་ནི་གྲོགས་ཀྱི་མཛའ་བརྩེ་གླེང་བར་འཚམ་ལ་བླ་མེད་ཀྱི་ཕུགས་བསམ་གླེང་བར་ཡང་ཧ་ཅང་འཚམ།

     རླུང་བུ་དང་བསྡོངས་ནས་རྦ་རླབས་ཀྱི་ཟེགས་མ་ཆལ་ཆིལ་དུ་གཡོས་པས་སྟོན་གྱི་དྲན་པ་དང་སྡུག་བསྔལ་ཡོད་ཚད་ངའི་སེམས་ལ་ལྗིད་ཏིག་གེར་ལྷུང་། ང་ནི་དུས་ཚིགས་འདི་ལ་དགའ་ཞིང་། འདི་ལྟ་བུའི་ཁེར་རྐྱང་ལ་མོས།

      ང་ནི་དཔྱིད་ཀྱི་ཞི་འཇམ་ལ་དེ་ཙམ་མི་དགའ་ཞིང་། དབྱར་གྱི་ཚ་གདུག་ལའང་རེ་ལྟོས་དེ་ཙམ་མེད། མི་ཚེ་ནི་སྟོན་དུས་ལྟར་གཟབ་ནན་དང་བབ་ཆགས། ཁྱད་མཚར་བ་ཞིག་ཡིན་འོས་མོད། ཡང་སྙིང་མི་བུ་སུ་ཞིག་གིས་དུས་ཚིགས་འདི་ལ་གཟབ་ནན་གྱིས་རོལ་མྱོང་བྱེད་སྲིད།

     རི་བོ་རྒྱང་ནས་རྒྱང་དུ་གྱེས་ཤིང་། མཐའ་འཁོར་གྱི་མེ་ཏོག་དག་ལས་དྲི་བསུང་འཐུལ། སྲུབས་ཀ་ཆུང་ངུ་དག་ལས་ཆུ་ཕྲན་བཞུར་འོང་ལ། ངས་མི་མེད་ཀྱི་ལུང་སྟོང་དེ་ནས་སུས་ཀྱང་རྟོགས་དཀའ་བའི་རྩོམ་ཡིག་ཅིག་བྲིས། དེ་ནི་ནང་སེམས་ཀྱི་འགྱུར་བག་རྒོད་པའི་རྩོམ་ཡིག་ཅིག་སྟེ། སྟོན་ཀྱི་མཛེས་པ་ཞིབ་འབྲི་བྱས་པ་ཞིག་གོ།

      ཡིན་ནའང་། ངས་སྙན་ངག་ཅི་ལྟ་བུ་ཞིག་འབྲི་དགོས་པ་ཆ་མ་འཚལ་བས་ཤོག་ལྷེ་སྟོང་བར་ལྷག ང་རང་སྟོན་ཁར་དགའ། ལྷག་བསམ་རྣམ་དག་དང་གུས་བརྩི་ཆེན་པོའི་སྒོ་ནས་སྟོན་ཁར་དགའ།

     ངའི་མི་ཚེར་ཡང་ཁ་དོག་རྣམ་པར་བཀྲ་བའི་དཔྱིད་ཀྱི་མེ་ཏོག་མེད་ལ། ལང་ལོང་འཁྲིགས་པའི་དབྱར་གྱི་སྤྲིན་པའང་མེད་པར་འུར་ཟིང་དང་ཁྲ་ཁྲ་རིག་རིག་དབེན་པའི་བརྟན་རླིང་གཟབ་ནན་གྱི་འཚོ་བ་ཞིག་གམ། ཡང་ན་སྤྲོ་སེམས་ཀྱིས་བརྟས་པའི་རྨི་ལམ་ཞིག་ཡིན་པར་སྨོན།

     སྟོན་ཁ། བརྟན་རླིང་དང་གསེར་གྱི་ཁུ་བ་ཡིས་བྱུགས་པའི་དུས་ཚིགས་འདི་ལ། ང་རང་ཞེ་དང་རུས་པའི་གསེང་ནས་དགའ་ཞིང་དུངས།

 

  • ལེ་ཚན་སྔོན་མ།:འགྲུལ་བཞུད།
  • ལེ་ཚན་རྗེས་མ།:དངངས་སྐྲག་དང་རེ་སྒུག་ཆེ་བའི་སློབ་ཐུན་དང་པོ།