ང་ད་ལྟ་ནུབ་བྱང་དུ་མེད།

གཤོག་འོད།        2021-01-19

     གྲོགས་གཅོད་པ། ཡུན་རིང་འགྱངས་ནས་བྲིས་པའི་འཕྲིན་ལན་འདི་ངས་གཏན་ནས་ཁྱེད་ལ་འབྲི་མི་འདུག བརྩེ་དུང་ཁོ་ན་ལས་ལོ་ཚོད་འདིར་བསྙེག་བྱ་ཞིག་གཏན་ནས་མེད་སོང་བ་མིན་མོད། འབྲོག་པ་ཚོར་སྐྱོན་ཆེ་ཞིག་ཡོད་པ་ནི་ནང་སེམས་ནས་སྐྱེས་པའི་གདོད་གཤིས་དེར་ཁ་བྲལ་ཐུབ་མེད་པར་ཡོད་ཚད་རྒྱ་ཡན་དུ་བཏང་ནས་ཆགས་སྡང་གི་ལས་འབའ་ཞིག་ལ་སྙེག་པ་འདི་རེད། འོན་ཀྱང་ང་རང་ཕྱོགས་མང་པོ་ཞིག་ནས་འདི་ལ་ཤིན་ཏུ་དགའ་བར་ཁས་ལེན་ཅིས་ཀྱང་བྱ་དགོས།

     དབྱངས་རྟ་མེད་པའི་གཞས་གཏོང་མཁན་ཞིག་འཇིག་རྟེན་འདིར་ཡོད་དམ། དེ་འདྲ་ཞིག་ཡོད་ཚེ་འུ་ཚོ་རེད། ཉིད་ཀྱིས་དབྱིན་ཡིག་གི་ཐོག་ནས་དཔེ་ཆ་མང་པོ་ཀློག་ཐུབ་ཀྱིན་ཡོད་དམ། ཡང་ན་དབྱིན་ཡིག་ཀློག་པའི་ཚོར་བ་ནི་ག་འདྲ་ཞིག་རེད། སྐྱིད་པོ་ཞེ་དྲག་ཡོད་ས་ཞིག་རེད་དམ། ང་རང་དེའི་སྒྲ་གདངས་ཀྱི་འདེགས་འཇོག་ལ་ཉན་རྒྱུར་ཧ་ཅང་དགའ། ཁྱེད་ཀྱིས་ཡང་སྐྱིད་སྣང་དེ་འདྲ་ཞིག་གིས་དབྱིན་ཡིག་ལ་ཤ་ཐང་དུ་འབད་པ་ཡིན་ཤས་ཆེ།

     དུས་ཚོད་འདིའི་ནང་འཚོ་བ་ག་འདྲ་རེད། བརྩེ་དུང་གི་མདུད་པ་ཇེ་ལྷོད་རེད་དམ་ཇེ་དམ་རེད། ཡང་ན་དེའི་གོ་རིམ་གྱི་གཟབ་ནན་དང་འཚབ་སྣང་། ཡིད་ཆེས་དང་ངོ་ཚ། མ་འོངས་པ་དང་ད་ལྟ་སོགས་སྒྲུང་གི་སྐྱ་ཐིག་ཟབ་མོ་ཞིག་ཨེ་རེད། བརྗེད་ཐབས་གཏན་ནས་མེད་པ་ཞིག་ཡང་ཡིན་ཤས་ཆེ། འོན་ཀྱང་ངའི་དེ་དུས་ཀྱི་བརྩེ་དུང་ཆང་བཞིན་འཐུང་ཞིང་མཐར་བཟི་ནས་སད་རྗེས་ཡོད་ཚད་བསམ་ཐོག་ཏུ་མ་བབས་པའི་དོན་དག་ཅིག་བྱུང་སོང་བ་ལྟ་བུ་ཞིག་རེད།

     ཡང་མཚན་མོ་ཞིག་ལ་བསང་ཆུ་ནས་ཁྱོད་ལ་འཕྲིན་ལན་འདི་ཡི་གེ་རེ་རེ་གཏགས་བཞིན་ཡོད། སློབ་གྲྭར་མིང་ཐོ་བཀོད་རྗེས་སྤྱིར་ན་ངེས་པར་ང་རང་གཡུ་གྲོང་དུ་འགྲོ་འདང་ཆེ་མོད། རྐྱེན་དེ་དང་བརྩེ་དུང་གིས་ང་རང་སོང་མྱོང་མེད་པའི་བླ་བྲང་དུ་ལོག་པ་ཡིན། གནས་འདིར་ངོ་ཤེས་གཅིག་ཡང་མེད་པའི་ལྷག་ཏུ་ལོག་སྙིང་འདོད་པ་བྱུང་། དེ་བས་ང་རང་ད་སྐབས་ནུབ་བྱང་དུ་མེད།སེམས་ཀྱི་དག་ཞིང་རེ་རེ་ནས་སྡོད་ཐབས་མེད་པ་འདི་ངའི་ལས་ཤིག་ཡིན་ངེས། ང་རང་ཡར་མར་གང་སར་ལྡོམ་རྒྱུ། དྲང་མོར་བཤད་ན་ཡུལ་འཁྱམ་ལས་ལྷག་པའི་རྒྱང་རིང་ཞིག་གང་དུ་ཡོད་དམ།

     ང་རང་འབྲོག་པ་བྱེད་འདོད། སེམས་བསམ་པའི་གཏིང་ནས་འབྲོག་པ་བྱེད་འདོད། ངས་དགུན་གྱི་རྩྭ་སྐྱ་དག་རླུང་གིས་ཁུར་ནས་འགྲོ་བར་ལྟ་འདོད། ཁྱིམ་མཚེས་དག་གིས་ལྕགས་ར་འཐེན་བཞིན་པར་ལྟ་འདོད། ནོར་གྱི་རྒྱབ་ནས་ཁུ་ལུ་གཡུགས་ནས་འགྲོ་བར་ལྟ་འདོད། རྟ་ལ་ཁེབས་བརྒྱབ་ནས་བདག་པོས་རྩྭ་སྟེར་བཞིན་པར་ལྟ་འདོད། ལུག་ལོ་མ་བུད་པས་ནོར་བཙོངས་ནས་རྩྭ་ཉོ་བཞིན་པའི་སྐབས་སུ་གོང་གཏམ་ནས་ཉོ་བའི་གོ་རིམ་དག་ལྟ་འདོད། མདོར་ན་ང་རང་ཉིད་ཀྱིས་ཀྱང་དེ་དག་རེ་རེར་ཉམས་ལེན་བྱ་འདོད། རེད་ཀྱང་རེ་བའི་རི་མོ་ཞེ་ཐོག་ཏུ་དེ་བཞིན་འཁོར་བ་ཞིག་མ་རེད་ཡ་གྲོགས་པོ།

    ངས་ཁྱེད་ལ་བར་འདིར་གཏམ་བཟང་ཞིག་བཤད་འདོད། དེ་ནི་ངས་སྒྲུང་ཞིག་བློས་བསླངས་བྱས་ཤིང་དེའི་ནང་དུ་ང་རང་འབྲོག་པ་ཡིན་ལ་ཆུང་མ་ཡང་ཡོད། བུ་གཉིས་དང་བུ་མོ་གཅིག་ཡོད།རྗེས་སུ་ངས་དངོས་གནས་རྨི་ལམ་དེ་འདྲ་ཞིག་ཡང་རྨིས་སོང་། མཐར་ངེད་གཉིས་ཁ་ཁར་སོང་ནས་ལོ་དྲུག་གི་རྗེས་སུ་མོས་རང་སྲོག་བཅད་སོང་། ལོ་ཉི་ཤུར་བུད་པའི་བུ་ཆུང་གཉིས་གཉེན་ཉེས་བསད། ལོ་ཉེར་གསུམ་ལ་བུད་པའི་བུ་མོ་རང་གི་སྐྱེས་པ་སྙན་ངག་པ་དེས་བསད། རང་ཉིད་ཀྱང་གཡང་ལ་མཆོང་ནས་རང་སྲོག་གཅོད་སྐབས། སྔོན་ཆད་འགྲོགས་མྱོང་བའི་སོག་མོ་ཞིག་གིས་ཁ་པར་སླེབས་ནས་སད།

     ད་ལྟ་ང་རང་དུ་བ་འཚོང་མཁན་ཞིག་བྱེད་འདོད། ལྐོགས་ནས་དུད་ནག་མང་པོ་འཛམ་གླིང་གི་རྒྱལ་ཁབ་གང་སར་འཚོང་བཞིན་ཡོད་པ་དེ་འདྲ་ཞིག་བྱེད་འདོད། དེའི་རྗེས་སུ་མིའི་རིགས་ལ་གསར་བརྗེ་བྱས་ནས་རང་རང་སར་ལོག་ཏུ་བཅུག་ནས་རི་དང་ནགས་ཚལ་གང་སར་འཚོ་བ་རོལ་ཏུ་འཇུག་འདོད། འོན་ཀྱང་ནུབ་བྱང་གི་དཔེ་ཁང་དང་སློབ་གྲྭ་ནས་ང་ཁེར་མོས་ཉིན་རྒྱུན་ཆང་འཐུང་། དེབ་ཀློག་ནས་སླར་ཡང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་མའི་ལྷ་སྒྲུང་ནང་ནུབ་བྱང་འབྲི་འདོད། འདོད་པའི་རྩེ་མོའི་སྣེ་མེད་པའི་མཐར་ངས་རང་སྲོག་གཅོད་འདོད། འོན་ཀྱང་རང་ཉིད་ད་ལྟ་བླ་བྲང་གི་མཚམས་ཁང་ཞིག་ཏུ་ཡོད་པས་དོན་དེ་དག་ངས་སུ་ལ་བཅོལ་དགོས་སམ།

  • ལེ་ཚན་སྔོན་མ།:ཆར་གདུགས་མེད་པའི་བྱིས་པ་ངེས་པར་དུ་འབད་པས་རྒྱུག་འོས།
  • ལེ་ཚན་རྗེས་མ།:གྲོང་ཁྱེར་གྱི་ཁང་མིག