ཚེ་ཕྱེད་རྫོགས་པའི་མི་ཚེ།

        2020-12-04

འབུ་གྲོག་མ་ཤི་རྗེས་ཀྱི་ཕུང་པོར་བལྟས་པས་ཚེ་ཕྱེད་རྫོགས་པའི་སྣང་བ་སྐྱེས་ཏེ་སྨྲེང་ངག་གི་རས་མགུར་ཞིག་བླངས། འཁྲུང་སྣང་བབ་ཆགས་དེས་བློས་བསླངས་བྱས་ཏེ་ཚེ་ཕྱེད་རྫོགས་པའི་མི་ཚེ་ཞེས་པའི་ཐོལ་རྩོམ་འདི་འབྲི་མགོ་བརྩམས། ཡིན་ན་ཡང་། ཆང་ཁང་གི་ཆང་རྐྱལ་ཞིག་དང་འདྲ་བར་ཚོར་བ་མོག་མོག་གིས་ཡོངས་སུ་ཁེངས་པས། ཅི་འབྲི་འདི་འབྲི་མེད་པར་ཅུང་ཙམ་ཙོག་པུར་བསྡད་ཅིང་གཡེངས། ཕྱིར་འདང་ཞིག་བརྒྱབ་པས་ཚེ་ཕྱེད་ནི་ཕྱིར་བཤོལ་མེད་པར་ཆས་སོང་བ་རྟོགས། རྗེས་ཤུལ་གང་ཡང་མེད་པ་ཡང་རྟོགས། རྐང་རྗེས་མ་དོད་པའི་ལམ་ཕྲན་དེ་དག ང་རང་ཁུ་སིམ་གྱིས་འཚོས་ཏེ་ཡོང་བ་རྟོགས།

མི་ཚེ་ནི་གློ་བུར་གྱི་འགྱུར་ལྡོག་ཅིག་སྟེ། ཆུ་བོ་བཞིན། རླུང་བུ་བཞིན། སྤྲིན་དཀར་བཞིན། ཁོ་ཧྥེ་ཕོར་གང་བཞིན་དུ་ཟད་ཀྱིན་པ་དང་བྱབ་བཞིན་པ་སུ་ཡིས་གཟིགས་སམ། འཆི་བར་ཉེ་བའི་རྡོ་ཕ་བོང་ཁ་ཤས་ཀྱིས་བདག་ལ་གཞེན་བསྐུལ་དང་རྗེས་འདེད་བྱེད་བཞིན་འདུག་ཅིང་། འཁོས་ཞན་པའི་མིག་ཟུང་བདག་ལ་གཏད་པའང་ཚོར་བྱུང་། ང་རང་ཞེད་སྣང་གིས་སེམས་ཡོངས་སུ་ཁེངས་ཤིང་། བྱད་གཟུགས་དེར་སྐྱུག་བྲོ་བའི་ཚོར་སྣང་འཕྲལ་དུ་སྐྱེས། དངོས་གནས་བག་ཕེབས་དང་ལྷོད་ཡངས་ངང་སྡོད་མི་ཚུགས་པར་བཟོས་སོང་། དབུགས་རིང་ཞིག་ག་ལེར་ཕྱུང་སྟེ་སྒེའུ་ཁུང་འགྲམ་གྱི་མགོ་མ་འབུས་པའི་མེ་ཏོག་གི་ས་བོན་ལ་བལྟས། དེ་ལས་ཚེ་སྲོག་གི་གྲུབ་ཆ་དང་སྐྱེ་དངོས་ཀྱི་འཕོ་འགྱུར་སོགས་ལ་ཧང་སང་པ་གྱུར་ཅིང་ཧད་དེ་འགྲེངས།

དུས་ཚོད་བསྒྱངས་ནས་ཡུན་རིང་འགོར། དེ་རིང་གི་དུས་ཚོད་འདི་ཡང་ཕར་ཕར་ལ་བསྒྱང་དགོས་སམ། གླེགས་བམ་ཞིག་ཁ་བཟེད་ནས་ཡུན་རིང་འགོར་འདུག་ནའང་། རྣམ་རྟོག་གི་རྟ་ཕོ་ནི་ཕ་ཡུལ་དུ་བསྐྱོད་དེ་ཁྱིམ་ལས་ཙག་ཙིག་ལ་འཚངས་ཤིང་གནས་འཆའ་བར་འདུག རྒྱང་རིང་གི་མི་རྣམས་ཀྱི་བསམ་པར་བདག་གིས་བློ་རྩེ་ཆིག་སྒྲིལ་བྱས་ཏེ་གླེགས་བམ་ཀློག་བཞིན་ཡོད་པ་ཚོར་སྲིད། གླེགས་བམ་གྱི་གལ་གནད་ལ་བཅལ་ནས་བཞུགས་ཡོད་པའང་ཚོར་སྲིད། བདག་ནི་རྣམ་རྟོག་གི་རྗེས་སུ་འབྲངས་ཏེ་ཕ་ཡུལ་གྱི་དབུས་ལམ་དུ་ཞུགས་ཡོད་ཅིང་། དབུས་ལམ་གྱི་གཡས་ཟུར་ནས་གླ་འཁོར་ཞིག་ལ་ལག་བརྡ་གཏོང་བཞིན་ཡོད། དབུས་ལམ་བརྒྱུད་དེ་དབུས་ཀྱི་ལྷ་སར་འབྱོར་རྗེས་སོས་དལ་ངང་ཇོ་ཁང་གི་རྒྱབ་ཤོག་ཏུ་ཆགས་པའི་མ་སྐྱེས་ཨ་མའི་ཇ་ཁང་དུ་ཐོན་པ་དང་ཅུང་མ་འགོར་བར་ས་རུབ་ཀྱང་བཅོ་ལྔའི་ཟླ་བ་མ་ཚེས།

གཉིད་སད་པ་དང་མཉམ་དུ་སློབ་གྲོགས་ཚོའི་སྐད་སྒྲ་ཐོས་ཤིང་། ང་རང་མདུན་ཁང་གི་སྒོ་ཐེམས་ལ་རྒྱབ་བསྔས་ཏེ་སྡོད་པའང་གཞི་ནས་ཡིད་ལམ་དུ་འཆར། ཞོགས་པ་འདིར། ཤག་ཤག་ཏུ་བཞུར་བའི་ཆུ་ཕྲན་དེ་དང་། ཤུར་ཤུར་དུ་ལྡང་བའི་གྲིབ་མ་གཉིས་ཀྱིས་ཚེ་མི་རྟག་པ་དྲན་དུ་བཅུག དུས་ལ་བསམ་ཚེ་ང་རང་གི་ཚེ་ཡི་ཕྱེད་ཀ་རྫོགས་པ་འདྲ་ཡང་། བྱ་བཞག་དང་བྱས་རྗེས་གང་ཡང་མེད་པར་བསམ་ཚེ་ང་རང་གི་ཚེ་ནི་གསར་དུ་འབུས་པའི་སྒེའུ་ཁུང་འགྲམ་གྱི་གུར་ཀུམ་གྱི་མེ་ཏོག་དང་འདྲ། ཟིལ་བ་ཁྲོམ་ཁྲོམ་དེ་དག་གིས་གཞོལ་དུ་མནན་ནས་མགོ་བོ་ཡར་དགྱེ་བྱེད་མི་ཐུབ་པའི་ཚུལ་དུ་གནས། ད་དུང་འདམ་གྱི་རྡུལ་ཕྲན་དག་ནི་གུར་ཀུམ་གྱི་རང་མདོག་མངོན་པར་གེགས་སུ་གྱུར་ཡོད།

གནས་མལ་འདིར་ང་རང་ག་ཙམ་འཚོ་བ་མི་ཤེས་པས་ཚེ་ཕྱེད་རྫོགས་པའང་མི་ཤེས་པར་སྙམ་སྲིད། དུས་ཚོད་ཐུང་ཐུང་དང་མི་ཚེའང་དེ་བས་ཀྱང་ཐུང་སྲིད། ལྷག་ཏུ་གཞོན་པའི་དུས་ཚོད་འདི་ཐུང་སྲིད། རང་སྣང་མཐོ་པོ་དང་སྣང་བ་སྤྲོ་སངས་ངེ་བའི་དུས་ཚོད་འདི་དག་གློག་འཁྱུག་པ་དང་ཆུ་བཞུར་བ་བཞིན་དུ་རྒྱང་རིང་དུ་ལོག་ངེས་པ་ཐག་ཆོད་རེད། ལོགས་སུ་བཀར་ནས་འཆད་ན་གཏན་དུ་དབྱར་ཁ་རྫོགས་པའི་སྡོང་པོ་དེ་དག མགོ་བོ་ཐུར་དུ་གུག་ཅིང་འདབ་ལོ་ཐུར་དུ་དཔྱངས། སྐྱོ་ཉམས་ཤིག་གིས་ཡོངས་སུ་བཏུམས་པ་དང་ཁ་བ་དང་བུ་ཡུག་གིས་ཡོངས་སུ་བཀླུབས། ང་རང་ཡང་དེ་དང་འདྲ་བར་དུས་རབས་ཀྱིས་སྡུག་བསྔལ་ལྷག་མ་ཞིག་བསྣན་ནས་ཁུར་པོ་གཞན་ཞིག་སྤྲད།

རང་ཉིད་ཀྱི་ཕུགས་འདུན་དེ་མངོན་འགྱུར་ཐུབ་ན། རང་ཉིད་ཀྱི་རྨི་ལམ་དེ་འཚོལ་ཐུབ་ན། ང་ལ་བདེ་སྐྱིད་གཞན་ཞིག་མེད་ཀྱང་ཆོག་ལ་དགོས་དོན་ཡང་མེད་པ་འདྲ། གལ་སྲིད་ཁྱོད་ཉིད་རང་དབང་ཅན་གྱི་མི་ཞིག་ཡིན་ན་རང་ཉིད་ཀྱིས་བསྒྲུབ་འདོད་པ་དེ་སྒྲུབས་ཤིག བསྒྲུབ་དགོས་པ་དེ་དག་རེ་ཞིག་འབྱིན་པར་གྱིས་ཤིག དེ་ནི་སེམས་ཀྱི་བདེ་སྐྱིད་དང་འཇིགས་སྣང་བྲལ་བའི་བདེ་སྐྱིད་ཀྱང་ཡིན་པར་འདོད། དབྱར་ཁ་རེ་རེར་མེ་ཏོག་དང་རྩི་ཤིང་གི་རྗེས་སུ་འཇུག་པ་དང་། དགུན་ཁ་རེ་རེར་ལྷགས་རླུང་དང་ཁ་བ་ཡི་རྗེས་སུ་འཇུག་པའི་ཉི་ཚེ་བའི་སྣང་བ་དེ་ཡང་འབྱིན་པར་གྱིས་ཤིག་ཨང་། བདག་ནི་རི་མགོར་གཟེད་པའི་དར་ལྕེ་བཞིན་རླུང་གི་ཁ་ཕྱོགས་ཤིག་ཏུ་མི་འགྱུར་བའི་གཏན་ཚིགས་དང་དམ་བཅའ་བྲིས་ཤིག སུས་ཀྱང་སུབ་ཐབས་བྲལ་བའི་བར་སྣང་གི་སྟོང་ཁམས་དེར་བྲིས་ཤིག་ཨང་། ༼ སད་མི། ༽


  • ལེ་ཚན་སྔོན་མ།:ན་ཚོད་བགྲེས་སོང་གི་མི།
  • ལེ་ཚན་རྗེས་མ།:​སྟོན་མཇུག་གི་ལས་འཕྲོ།