གངས་རིའི་ཁོང་གསེང་དུ་བཞད་པའི་ཞབས་རྗེས།

ཞོ་ར་བསམ་འགྲུབ་རྒྱལ།        2020-11-20

གྱ་གྱུའི་འགྲོས་ཀྱིས་འཁྱུག་ཅིང་།།

རྡོ་དང་ཚེར་ཕུང་སྤུངས་པའི།།

མི་ཚེའི་བཤུལ་ལམ་སྐྱ་མོར།།

སྙིང་གི་ལྕགས་ཕུར་རྡེབ་ཀྱིན།།

ལོ་རྒན་བདུན་ཅུའི་གཟུང་ཐག།

ཆུ་ལྷའི་ཕང་བར་བསྐྱལ་བྱུང་།།

ལོ་ཟླའི་གཙང་ཆུའི་གཞུང་ལ།།

ཕྱིར་དྲན་ཀོ་གྲུ་གཏོང་དུས།།

འཁོར་བའི་སེམས་བྱུང་རི་མོ།།

རླབས་ཀྱི་ཟེགས་མར་སྤྲུལ་ཅིང་།།

ཡིད་ཀྱི་ཞིང་ས་བརླན་ཏེ།།

མི་བརྗེད་དབང་བོར་གྱུར་སོང་།།

ཉམས་དགའི་སྐྱེད་ཚལ་དབུས་ན།།

ཟེའུ་འབྲུའི་སྙིང་བོར་ཆགས་པའི།།

གསེར་གྱི་གཡུ་སྦྲང་ཁྱུ་ཚོགས།།

ལིང་ལིང་གར་དུ་རྩེན་ཞོར།།

མགྲིན་པའི་སྐད་སྒྲ་སྙན་མོ།།

དྲི་ཟའི་རྒྱུད་མངས་དཀྲོལ་འདྲ།།

ནམ་མཁའི་དགུ་ཚིགས་ཁྲོད་ཀྱི།།

ཉི་མའི་འོད་ཀྱི་བདུད་རྩི།།

འཛིན་མའི་གཞོངས་ལ་བཀྱེས་དུས།།

ང་ཡི་བླ་སྲོག་འཛིན་པའི།།

ཕ་སྐད་གསེར་གྱི་འཁྲི་ཤིང་།།

རེ་བའི་གཟི་བྱིན་ལམ་ལམ།།

མི་གཞིའི་སྒང་ལ་བརྩིགས་པའི།།

རྡུལ་གྱི་བ་གམ་མཐོན་པོ།།

ཡེ་ནས་སྤྲུགས་རྡེབ་གཏོང་བའི།།

སློབ་གསོའི་ཕུགས་ནོར་རྩ་ཆེན།།

རྩ་བའི་སྲོག་ཏུ་འཛིན་པའི།།

མཐོང་རྒྱའི་སྒེའུ་ཁུང་ཡངས་པ།།

སྐྱེ་ཁམས་མ་མའི་གློ་སྙིང་།།

གཅེས་པའི་ཕྱག་ཟུང་བསྲིངས་ཏེ།།

ཡན་པར་རྒྱུ་བའི་སྲོག་ཆགས།།

སྣོད་བཅུད་ཁ་རྒྱན་འཛིན་པའི།།

དགེ་བའི་ས་བོན་གྲུང་བོར།།

དད་པའི་སྤུ་ལོང་ལྕུག་ལྕུག།

ལས་ཀྱི་དཀའ་ཚེགས་ལྕི་རུང་།།

ལེ་ལོའི་གཤིས་ཀ་སྤངས་ཏེ།།

རྣང་མའི་གསེབ་ཏུ་འཐོར་བའི།།

རྔུལ་ཁྲག་ཐིགས་པ་རེ་རེ།།

ལོ་ལེགས་དབུ་ལྕོག་ལྡེམ་པའི།།

རྟེན་འབྲེལ་དབུ་ཁྱུད་འགྲིགས་སོང་།།

ནམ་མཁའ་གདན་དུ་ཁེབས་པའི།།

འབྲོག་སྡེའི་ཕྱུགས་རིགས་དཀར་ནག།

རྩྭ་ཆུའི་མངར་ཁས་རྒྱས་བཞིན།།

སྨུག་སྤྲིན་གསེབ་ནས་འཕོས་པའི།།

རྫི་གླུའི་གདངས་ཀྱི་སྙན་ཆ།།

ལུས་སེམས་དྲོ་བའི་གཞི་མ།།

  • ལེ་ཚན་སྔོན་མ།:ཡིད་དུ་ལྷུང་བའི་རི་བོང་འཛིན།
  • ལེ་ཚན་རྗེས་མ།:བློས་བསླངས་ཀྱི་ངག་རིས།