ཡིད་དུ་ལྷུང་བའི་རི་བོང་འཛིན།

གནུབས་རྒྱལ་མཚན།        2020-11-20

“QYC” ལ་བྲིས་ཤིང་ཕུལ་བ།

གཞོན་ལུས་པད་མའི་ཞལ་རས་ལ་

འཛུམ་གྱི་གེ་སར་ཕང་ཕུང་དུད།།

ནང་སེམས་ཨུ་དུམ་ཝ་ར་ལ་ཤེས་རིག་

སྤོས་ཆུའི་དྲི་བསུང་འཐུལ།།

ལམ་ལམ་འཕྲོ་བའི་ཉི་ཟེར་གྱི་འོད་

སྟོང་དབུས་ཀྱི་གཙུག་ན་མཛེས།།

ཆིལ་ཆིལ་བཞད་པའི་པད་ཚོགས་ཀྱི་

ཡིད་ལྷུང་ཁྱོད་ནི་རི་བོང་འཛིན།།

བློ་འཇགས་མིག་གོང་མདངས་རྒྱས་ནི་

འཆི་མེད་དཔལ་མོའི་དོ་ཟླར་འོས།།

སྙིང་ཟིམ་གཤིས་ཀྱི་བ་ཀུ་ལ་བརྒྱ་བྱིན་

བཞེས་ཆང་བདུད་རྩིའི་མཆོག།

འཁོར་འདས་སྲིད་པའི་མེ་ལོང་དུ་འཚོ་

གཞེས་སྒར་ཁ་འཛིན་ལ་རན།།

ཡིན་ཡང་ཞེ་འདྲིས་གཏོང་ཕོད་ཀྱི་ཆུང་

འདྲིས་མཛའ་མཐུན་གཞན་ནི་མེད།།

ལས་འབྲེལ་སྨོན་ལམ་ཟབ་མོ་ཡི་མཐུན་

སྦྱོར་རག་པའི་དགེ་ཚོགས་ཀྱིས།།

གཞོན་གྲོང་རིག་པའི་དགའ་ཚལ་ནས་

ཁྱོད་མཇལ་ཐུབ་པའི་བསྐལ་བཟང་རྙེད།།

རེ་བཞག་མིག་བསྡུས་གྲིམ་སྟབས་ཀྱིས་

ཁྱོད་དྲུང་སྙན་ཚིག་ཡིག་ཕུད་བགྱིས།།

རྟེན་འབྲེལ་རྟགས་འགྲིག་དབང་གཞུ་

ཡི་དར་ཚོན་བཀྲས་བཏགས་བཀྲ་ཤིས་ཀྱི།།

བདེ་ལེགས་འདོད་དགུའི་ཆར་སྤྲིན་གྱི་

ཕྱྭ་གཡང་རི་མོའི་ཡོན་ཆབ་བཤམས།།

དགྱེས་དགྱེས་བསྟོད་བསྟོད་ངག་

རིགས་ཀྱི་གར་གྱི་ཆང་མ་ཁྱོད་ཀྱིས་བྱོས།།

མཛེས་མཛེས་སྡུག་སྡུག་དཔལ་

འཕྲོག་གི་དྲན་འཛིན་ཏོག་ན་

ཁྱོད་ཉིད་རྩེན།།

གྱ་གྱ་ནོམ་ནོམ་གཟབ་རྒྱས་ཀྱི་བག་

སྤྲོའི་ངང་ནས་ཕེབས་བསུ་གནང་།།

སྙན་སྙན་གྲགས་གྲགས་བརྗིད་ཉམས་

ཀྱི་དཔལ་སྟུག་རང་ལུགས་ཅི་ནུས་འཛིན།།

ལོག་ཕེབས་སོར་མོའི་རྩལ་སྤྲུགས་

ཏེ་རྒྱུད་མངས་མངར་བཅུད་

རོ་མཛོད་དང་།།

སྙན་ཚིག་མཆོད་པའི་རྐང་འཐུང་གི་

བསིལ་སྦྱིན་གདུགས་ཀྱི་

འཇའ་གུར་ཕུབ།།

ཕུན་ཚོགས་དགའ་ཚལ་གངས་གྲོང་ལ་

བདེ་ལྡན་ཞི་བའི་ལྡིང་ཁང་བཞེངས།།

དབང་ཕྱོགས་ཁྲི་གདུགས་ཉི་མ་ཡི་

ཐོད་འཆང་བཏེགས་ཏེ་སྤྲོ་བ་བསྐྱེད།།

གདན་ལ་ནེའུ་གསིང་མཎྜལ་གྱི་མརྒད་

བྱུ་རུའི་འཁོབས་སྦྲམ་འདིང་།།

དབེན་པའི་གནས་མལ་མཐོངས་ཀ་

ནས་དགའ་སྐྱོའི་ཚོན་རིས་

རླུང་ལ་འདེབས།།

སྐྱིད་སྡུག་རེས་མོས་འཁོར་ལོ་ཡི་

ཇ་ལོའི་མེ་ཏོག་མཉམ་གྱིས་སྦངས།།

ཚེ་ཡི་དར་ལྕོག་གསར་བ་འདི་

ཁྱིམ་གཅིག་སྦྲ་ཡི་མགོ་ལ་འཐེན།།

འདེགས་འཇོག་གོམ་སྟབས་ཆུང་

ངུ་ཡང་འཚོ་བའི་གྲོང་ལ་མཉམ་གྱིས་སྤོ།།

འདི་སྣང་འཁོར་བའི་སྒྱུ་འཕྲུལ་ཡང་

མཉམ་གྱིས་མྱོང་ཞིང་རྟག་པར་བསྐོར།།

ཀྱེ་ཀྱེ་སྙིང་སྡུག་ལྷ་མོ་ལགས་ཞུ་བའི་

་འཕྲིན་འདིར་ལན་གཅིག་གཟིགས།།

  • ལེ་ཚན་སྔོན་མ།:ཟླ་འོད་འོག་གི་སྙན་ཚིག
  • ལེ་ཚན་རྗེས་མ།:གངས་རིའི་ཁོང་གསེང་དུ་བཞད་པའི་ཞབས་རྗེས།