བློས་བསླངས་ཀྱི་ངག་རིས།

རེ་སྨྱུག        2020-11-27

བདེན་ཞེན་གྱིས་འཐུང་བའི་མར་ཁུ།

དྲན་གདུང་གིས་གཙེགས་པའི་མིག་ཆུ་རྡོག་རེ།

འདུ་ཤེས་ཀྱིས་སྦས་པའི་རིག་བྱེད།

བྲང་ཁོག་ན་འཕྱོ་བའི་མེ་ལྕེ་རིང་མོ།

ལྟེ་འོག་ན་ལྡིང་བའི་རྩ་ཡི་དཀྱིལ་འཁོར།

རྐང་འཐིལ་ན་བཞད་པའི་ཁྲག་གི་རི་མོ།

རླུང་འཚུབ་ཀྱིས་བཀྲོངས་པའི་ཐལ་ཚོན་སྐྱ་བོ།

རྨི་ལམ་གྱིས་གཏེགས་པའི་ལམ་འཕྲང་གྱ་གྱུ།

སྡུག་ཡུས་ཀྱིས་འདེད་པའི་ལོ་ཟླ་རེ་ཟུང་།

དེ་ཡང་མིན་ཏེ།

རྨི་ལམ་གྱིས་བཙུགས་པའི་རླུང་གི་དར་ལྕོག

འཁྲུལ་སྣང་གིས་སྐྱོད་པའི་སྣང་བ་མག་མོག

གློ་ཁུག་ནང་བཅུག་པའི་ནམ་མཁའ་ཡུག་ཅིག

མེ་ལོང་ནང་སྡེབ་པའི་རྡུལ་ཚོན་སྣ་ཚོགས།

འདམ་གྱིས་སྦགས་པའི་འཇམ་པོའི་བརླ་ཤ།

འཁྲེང་བས་སྐོང་བའི་བདུད་རྩི་དྭངས་མོ།

གཞན་ཞིག་མ་ཡིན་ཏེ།

བརྩེ་བའི་སྙིང་ཁར་ཉལ་བའི་

རྨི་ལམ་གྱི་ཁྱི་གུ་མངལ་དུ་སྦྲུམ།

དུས་ཚོད་ཀྱིས་བསྟར་བའི་དུས་ཚིགས་ཕྲག་ཏུ་སླེབ།

རྣམ་གཡེང་གི་འཕྲིན་པ་ཁོག་ཏུ་མིད།

མུན་པའི་ཕག་ན་ལྐོག་ངུ་བྱེད་ཅིང་།

བདག་ལ་གཟི་དཔལ་གྱིས་སྐྱོང་བའི་ཁྱེད་ཀྱི་མྱོས་བུམ།

ད་ལྟའང་རྨི་ལམ་གྱི་ལྷས་ར་ཡིན།

མཐའ་ཆགས་སུ་བསྡུས་པའི་བློས་བསླངས་ཀྱི་རོལ་རྩེད།

ཕན་ཚུན་འཛུམ་མདངས་ཀྱིས་འདྲེན་པའི་ངག་རིས་སོ།།

  • ལེ་ཚན་སྔོན་མ།:གངས་རིའི་ཁོང་གསེང་དུ་བཞད་པའི་ཞབས་རྗེས།
  • ལེ་ཚན་རྗེས་མ།:དུངས་པའི་སེམས་པ།