ཟླ་བ་བདུན་པའི་སྙན་ངག

ཀླད་ཁུ།        2020-10-23

ཟླ་བ་བདུན་པ་ནི་ཁུ་སིམ་མེར་ཡིན་དགོས།

ཁུ་སིམ་པའི་དུས་ཚོད་ཀྱི་ལྷིང་འཇགས་དེས།

མི་རྟག་པའི་སྐར་ཆ་བརྒལ་ཏེ།

ཤི་གསོན་གཉིས་ཀྱི་ལས་དབང་ཐམས་ཅད་མཚོན་

པར་བྱེད་དགོས།


ཞོགས་པར་གངས་རི་མཐོང་དགོས།

གངས་རི་འདབས་ཀྱི་རི་དྭགས་བཞིན།

རྩྭ་ཆུ་ཀུན་འཛོམས་ཀྱི་བརྩེ་དུང་དེ།

རང་ཉིད་ཀྱི་འཚོ་བའི་ཁབ་ཆེན་པོ་ཡིན་དགོས།


སྐྱོ་གདུང་ཅུང་ཙམ་ཡོང་ན།

ཆར་ཆུ་ནང་གི་མིག་ཆུ་བཞིན་སེམས་ལ་བབས་ཏེ།

དབྱར་ཁའི་རི་ལུང་ཐང་གསུམ་ཀུན་བརླན་པར་

བྱེད་དགོས།


སྙན་ངག་པའི་རྒྱང་རིང་སྔར་ལྟར་ཐག་རིང་ལ་

ཡོད་མོད།

ཟླ་བ་བདུན་པ་ནི་རྒྱང་རིང་དེའི་གཏིང་ལ་ཉར་བའི་

ན་ཟུག་དང་།

ན་ཟུག་གིས་ཕབ་པའི་མཚོན་མདོག་སྣ་ཚོགས་

ཡིན་དགོས།


མེ་ཏོག་སྐྱེས།

འབྲུག་གྲགས།

ཁུ་བྱུག་ཀྱང་གྲགས།

འཇའ་ཡང་ཤར།

སེམས་པ་འཁྱགས་ཡོང་དུས།

ཅི་མི་སྙམ་པར་སུ་ལའང་དགོངས་དག་ཞུ་དགོས་

མེད་པར།

གཏན་ཚིགས་དང་རིག་གཞུང་གི་རྒྱབ་རྟེན་མེད་པར།

རང་དབང་ཅན་གྱི་ཤེས་རབ་གཅིག་པུས།

ཟླ་བ་བདུན་པའི་འདས་མ་འོངས་ད་གསུམ་ལ།

ཟད་མི་ཤེས་པའི་བདེ་སྐྱིད་ཅིག་ལོངས་སུ་སྤྱོད་དགོས།


བདེ་སྐྱིད་ནི་དོན་གྱིས་སྐྱོ་གདུང་གིས་གྲུབ་པའི།

ཡིད་དུ་འོང་བ་ཐམས་ཅད་དེ་རེད།

བུད་མེད།  དེ་ལས་སྐྱེས་པའི་སྐྲ་ལོ་དང་ལང་ཚོ།

གར་སྟབས་འགའ་ཞིག་གི་ནང་དུ་བླུགས་པའི་རྫ་

འགྱུར་སྣ་ཚོགས།

ད་དུང་རྨི་ལམ་ནང་དུ་རྨིས་ཡོང་པའི་འཕྲུལ་རྟོག་

གི་གླིང་ཁ།

ལྗན་ལྗིན་གྱིས་སྣང་བའི་ཕྱི་དྲོ་ཞིག་གི་ལྗོངས།

ཞེ་སྡང་གིས་འབར་བའི་མི་སེམས་ལ་འཕྲད་རྗེས།

ཡང་ན་དགའ་མགུ་ཅན་གྱི་མི་སེམས་ལ་འཕྲད་རྗེས།

སྔར་ལྟར་ཡིད་དུ་འོང་བ་ནི་དེ་དག་ཐམས་ཅད་

ཡིན་འདུག

                

  • ལེ་ཚན་སྔོན་མ།:འབྲུག་སྒྲ།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལགས།