ན་གཞོན་ཕལ་བ་ཞིག་གི་སེམས་འཕྲིན།

བསྟན་འཛིན་སྣང་གྲོལ།        2020-09-28

ང་ཡི་འཇིག་རྟེན་ཆུང་ཆུང་འདི་དང་འབྲེལ་བ་སྤུ་ཙམ་མེད་པའི་ཀློག་པ་པོ་ལགས། ཡང་ན་ང་ཡི་སྐྱོ་སྣང་གི་དབུགས་རིང་ཕྱིར་འབྱིན་སའི་མགོ་ཐོག་གི་ནམ་མཁའ་སྟོང་བ་ལགས། ཁྱོད་ཀྱིས་ད་ལྟ་ད་དུང་འཇིག་རྟེན་འདིའི་མུན་ནག་ལས་རྡུལ་ཕྲ་རབ་ཅིག་གི་སྟེང་དུ"ང"ཟེར་བའི་སྲོག་ཆགས་ཕྲ་མོ་ཞིག་འདི་ལྟར་གསོན་ཡོད་པ་ཤེས་སམ། མི་ཤེས་ཏེ། ཤེས་དགོས་དོན་ཡང་ག་ལ་ཡོད། ཁྱོད་ཀྱིས་ང་མི་ཤེས་པ་བཞིན་ངས་ཀྱང་འཇིག་རྟེན་འདིའི་མི་དང་བྱ་དངོས་ཡོད་དོ་ཅོག་ངོ་མ་ཤེས་ན་སྙམ་བྱུང་། ཁྱོད་ཀྱིས་ང་སུ་ཡིན་མ་འདྲི་རོགས། རྒྱུ་མཚན། ངས་དངོས་གནས་ད་དུང་རང་ཉིད་བོར་ཟིན་ཡོད་མེད་ལ་དོགས་པ་ཟ་བཞིན་ཡོད།

ཏག་ཏག་མི་ལོ་བཅུ་ཕྲག་ཅིག་འདས་ཟིན། དེ་ནི་རླུང་འཚུབ་ཐེངས་ཤིག་ལྡང་བའམ་གཉིད་ཅོར་ཐེངས་ཤིག་བརྒྱབ་པ་ཙམ་ལས་ཅི་ཡིན་སྙམ་ཁོམ་མ་བྱུང་བ་འདྲ་མོད། སྐྱེ་བ་ནི་མ་གཞི་ནས་གཉིད་ཐེངས་ཤིག་ལོག་པ་ཡིན་ཞིང་། མི་ཚེ་ནི་རྨི་ལམ་རིང་ཐུང་སྣ་ཚོགས་ཤིག་གིས་གྲུབ་པ་ཡིན་པས་མཚར་རྒྱུ་ཅི་སྟེ། ང་ཚོ་ཅིས་ཀྱང་རྨི་ལམ་ཞིག་གི་ནང་དུ་འཛུལ་ཏེ་གསོན་དགོས་པ་མ་ཡིན་ནམ། ཏག་ཏག་མི་ལོ་བཅུ་ཕྲག་ཅིག་འདས་པའི་དེ་རིང་། ངས་ཡང་བསྐྱར་ཁྱོད་ལ་གཉིད་བཤད་ལྟ་བུའི་ལྡབ་ལྡིབ་ཅིག་ལབ་འདོད།

འདས་པའི་ལོ་ཟླ་འདི་དག་གི་རིང་། ངའི་ཡོད་ཚད་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་བ་ཡང་ཆོས་ཉིད་དུ་ཟད་པས་དོ་སྣང་ཆེན་པོ་བྱས་མ་མྱོང་ནའང་། དེ་དག་ནི"རྨི་ལམ"ཞེས་པའི་ཡིག་འབྲུ་འདིའི་མདུན་ནས་མནོ་བསམ་གཏོང་ཡུལ་དུ་འགྱུར་འགྲོ། ཡང་སྙིང་རྨི་ལམ་ནི་ཅི་ཞིག་ཡིན་ནམ། སྔོན་ཆད་ངས་རང་ཉིད་རྩོམ་པ་པོ་གྲགས་ཆེན་ཞིག་ཏུ་འགྱུར་བར་རེ་བ་བྱེད་མྱོང་། ད་ལྟ་བལྟས་ན་དེ་ནི་མི་ཚེ་འདིའི་སྟེང་གི་བདམ་ནོར་ཆེན་པོ་ཞིག་རེད། ང་རང་རྨི་ལམ་ཅི་ཡང་མེད་པར་གསོན་ཡོད་ན་ཅི་མ་རུང་། གང་ལྟར། སྨུག་པའི་ནང་གི་ནགས་ཚལ་ལྟ་བུའི་རྩོམ་རིག་ནི་ངའི་རྨི་ལམ་ཡིན་མིན་མི་ཤེས་པ་ཞིག་ཏུ་གྱུར་པ་ནས་བཟུང་། དེས་ང་རང་བཅོས་ཤིང་བསྒྱུར་ཏེ། ཁེར་རྐྱང་གི་གཟེབ་དྲྭ་ཆེན་པོ་ཞིག་ལ་གཏན་དུ་བཅུག་བྱུང་།

ངས་གྲོགས་པོ་རེར་ཁ་མཚར་གྱི་ཚུལ་དུ"ངས་བགྲང་བྱ་མང་བོ་ཞིག་ལ་རྩོམ་རིག་ཟེར་བའི་གཟུགས་མེད་ཀྱི་ཆུང་མ་ཞིག་དང་ལྷན་དུ་དཀའ་ངལ་དང་དགའ་སྡུག་གི་འཚོ་བ་རོལ་ནས་ཡོང་བ་ཡིན་ཡང་། ད་དུང་མོར་མིང་ལ་འབྲས་བུ་དང་རྒྱལ་ཁ་གང་རུང་འདོགས་ཆོག་པའི་བྱིས་པ་ཞིག་བཙའ་མ་ཐུབ་པར་མ་ཟད། ངའི་མོ་ལས་བསྐྱེད་པའི་ནད་གཞི་གང་ཞིག་ཇེ་སྡུག་ཇེ་ཐུར་འགྲོ་བཞིན་པ་དེ་རེད། ཡིན་ནའང་། མོ་མེད་ཚེ་ང་འཇིག་རྟེན་འདིར་འཚོ་ཐུབ་ཀྱིན་མེད་པས་ཁོ་མོ་ནམ་ཡང་ཁེར་རྐྱང་གི་བྲང་ལ་སྦྱོར་བཞིན་ཡོད"ཟེར་གྱིན་ཡོད། དྲང་མོར་བཤད་ན་དངོས་འབྲེལ་དེ་འདྲ་ཞིག་སྟེ། ང་ནི་དེ་ལྟར་རྒྱུ་མཚན་མེད་པར་རྩོམ་རིག་ལ་དགའ་མཁན་ཞིག་ཏུ་གྱུར་པ་ནས། གནད་འགག་གི་སྐབས་སུ་ང་ལ་རྩོམ་རིག་མ་གཏོགས་ཅི་ཡང་མེད་པར་གྱུར་སོང་། དེ་བཞིན་རྩོམ་རིག་གི་སླད་དུའང་ངས་མང་བོ་ཞིག་བློས་བཏང་ཟིན། ད་ནི་རྩོམ་རིག་དང་ངེད་གཉིས་སྤྱིའི་ཆ་ནས་བཤད་ན་ཤ་ཟིན་སྤུ་ཟིན་ཞིག་ནས་ཤ་འདྲེས་པགས་འདྲེས་སུ་གྱུར་ཡོད་ཅེས་བཤད་ཆོག རེད། ད་ལྟ་ངས་རྩོམ་རིག་དངོས་ནི་འབྲས་བུ་ཞིག་དང་མིང་བྱང་ཞིག ཡང་ན་ལས་རིགས་ཤིག་མིན་པ་ཡང་གསལ་བོར་ཤེས་བྱུང་། ཡིན་ནའང་། ད་ལྟ་ད་དུང་ངས་སྔར་བཞིན་རང་གི་རྩ་དོན་རྒྱབ་ཏུ་དོར་ཏེ་རྩོམ་པ་པོ་དང་ཀློག་པ་པོ། རྩོམ་སྒྲིག་པ་མང་བོ་ཞིག་གི་མཐོང་ཆུང་དང་དམའ་འབེབས་ཀྱི་མིག་མདངས་ལ་ལྟ་ཞོར། སྣང་མེད་དང་སྒྲོབ་ཉམས་སོགས་སྤྱི་ཚོགས་ཀྱི་བརྙས་བཅོས་ཐ་དག་ལ་མགོ་བོ་སྒུར་བཞིན། ཚོགས་པ་དང་། ཚོགས་འདུ། དུས་དེབ་དང་ཚགས་པར་མང་བོ་ཞིག་གི་གྲལ་མཐར་ཨུ་ཚུགས་ཀྱིས་བཙུད་ཐབས་བྱེད་ཀྱིན་མདུན་དུ་སྐྱོད་ཀྱིན་ཡོད། ང་རང་གཞན་ལ་ཞུ་བ་བྱེད་པར་ཤིན་ཏུ་མི་མོས་ཤིང་། རང་གི་རྩ་དོན་ལ་འགན་མི་ཁུར་བའི་མིར་ལྷག་ཏུ་སུན་པ་བཞིན། མཚམས་རེར་རང་ཉིད་ལ་ཧ་ཅང་སུན་ཞིང་ཞེན་པ་ལོག་ཅིང་། རང་ཉིད་བོར་སོང་སྙམ་སྟེ་སྙིང་རླུང་སྟོད་ལ་འཚང་དགོས་བྱུང་མོད། ད་ལྟ་ངས་འདི་ལྟར་སྒྲུབ་པ་ནི་འབྲས་བུ་ཟེར་བའི་རྡོག་རྡོག་ཅིག་སྟེ། མིང་གྲགས་དང་དོན་སྟོང་གི་རྩོམ་པ་པོ་ཞིག་ལ་རེ་བ་ནི་རྦད་དེ་མ་ཡིན་པར། ཚུགས་ཐུབ་ཀྱི་རང་གཤིས་དང་ལྡན་པའི་རྩོམ་འབྲི་པ་ཞིག་བྱེད་འདོད་པའམ། ང་ཡི་སྙན་ངག་ནི་རྒྱུ་འབྲས་ཀྱི་ཤ་ཁྲག་གིས་བཙོ་སྦྱང་བྱས་པའི་སྙན་ངག་ཅིག་ཡིན་པར་བདེན་དཔང་ཙམ་བྱེད་འདོད་པ་ཡིན། ཅིའི་ཕྱིར་ཟེར་ན། ད་ལྟ་རང་རེའི་རྩོམ་རིག་འཕེལ་རྒྱས་ཀྱི་ཚ་རླབས་དགུང་དུ་འཕྱུར་བའི་དུས་འདིར་ང་ཚོར་གློ་བུར་དུ་ན་གཞོན་སྙན་ངག་པ་ཅིག་ཅིག་དང་ཉིག་ཉིག་ཟེར་བ་མང་བོ་ཞིག་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་སོང་བ་དེ་རེད། སྤྱིར་ན་སྙན་ངག་པ་མང་བོ་བྱུང་བ་ནི་དགའ་འོས་པ་རེད། དེས་རང་རེའི་རྩོམ་རིག་གི་མཁའ་དབྱིངས་སྔར་ལས་རྒྱ་ཆེར་འགྲོ་བར་མཚོན་ཞིང་། ང་ནི་དེ་དག་ལ་ཅི་ནུས་ཀྱིས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བྱེད་མཁན་ལོས་ཡིན། འོན་ཏེ། "སྙན་ངག་པ"ཞེས་པའི་བདག་སྒྲ་འདི་ནི་སུ་ལ་ཡང་སྦྱར་ཆོག་ཆོག་ཅིག་དང་། སུས་ཀྱང་སྤྱོད་ཆོག་པའི་རང་འབབ་ཆུ་ལྟ་བུ་ཞིག་ནི་མིན་པར་ཤེས་དགོས། མི་རིགས་གཞན་དག་དང་སྡུར་ན་ང་ཚོ་ནི་ཅིས་ཀྱང་རྩོམ་རིག་ཡང་དག་གི་ལྟ་བ་ལས་ལོག་ཡོད་སྲིད་ལ། རང་རེར་མཚོན་ན་ཡང་། ན་གཞོན་སྙན་ངག་པ་ཚྭ་ལགས་ཀྱིས“་སྙན་ངག་པའི་ནང་སེམས་ནི་སྐྱོ་གདུང་གི་མེ་རི་ཞིག་ཡིན་འོས། དེའི་རང་གཤིས་ནི་མི་འཇགས་པ། མི་རྙིང་བ། མི་བསྟུན་པ། དུས་ཚོད་ཀྱི་དྲག་ཆར་བཟོད་པ། མི་འཇིག་པ། ནམ་ཡང་འཕྱུར་འཕྱུར་དུ་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་ཚ་གཟེར་གྱི་རང་བཞིན་སྲུང་བ། རང་གཤིས་ཀྱི་འོད་དང་ལྡན་པ། འཚོ་བའི་གདུག་རྩུབ་ལ་དཔུང་གཤིབ་ཐུབ་པ། ངོ་བོ་དང་ལྡན་པ་ཞིག་ཡིན་འོས། རླབས་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་ཐ་དག་གི་འབྱུང་ཁུངས་ནི་དེ་འདྲའི་འགན་འཁྲི་དང་རྟོག་པ་ལ་འབྲེལ་བའི་སེམས་ཁམས་ཤིག་ཡིན་པ་འདྲ། འདི་ནི་སྙན་ངག་པ་ཡག་པོ་ཞིག་འཁྱོངས་པའི་མ་མཐའི་ཆ་རྐྱེན་ཞིག་རེད་འདོད་”ཞེས་པ་དང་། སྐུ་ཞབས་གཉན་ལགས་ཀྱིས་ཤ་སྟག་སྨྲ་བའི་སྙན་ངག་པའི་སྐྱེ་མཆེད་བཅོ་བརྒྱད་གསུངས་ཡོད་པ་བཞིན་སྙན་ངག་ནི་ཨུ་ཚུགས་དང་ཟོལ་ཟོག་གིས་འབྲི་འཐུས་པ་ཞིག་མིན་ལ། སྙན་ངག་པ་ནི་ནམ་ཡང་བདེ་བ་དང་མཚན་སྙན་ལ་ཆགས་ཤིང་དེ་ལས་མི་འདའ་བ་ཞིག་མིན་དགོས།

སྤྱིར་ང་ཚོའི་མི་རིགས་ལ་རྩོམ་པ་པོའམ་སྙན་ངག་པ་མེད་པ་ག་ལ་ཡིན་ཏེ། གནའ་རབས་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་མི་ལ་རས་པ་ལྟ་བུ་དང་། ཉེ་རབས་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལྟ་བུ། དེང་རབས་སྙན་ངག་པ་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ། འཇུ་སྐལ་བཟང་དང་གཉན་སོགས་ནི་ང་ཚོའི་རྩོམ་རིག་ཉིད་རྩོམ་རིག་ཏུ་གྱུར་ཅིང་། རྩོམ་རིག་བྱུང་འཕེལ་གྱི་སྒལ་ཚིགས་དང་བླ་སྲོག་ལྟ་བུར་བགྲང་ཆོག་པའི་མི་སྣ་ཡིན་པར་མ་ཟད། གཞན་དེང་གི་ན་གཞོན་གསར་རྩོམ་པའི་སྡེར་ཡང་རང་ལ་མཚོན་ན་ཡིད་སེམས་སྒུལ་ཞིང་། བློ་རྒྱ་བསྐྱེད་པ། ཟབ་ཅིང་ཡངས་པའི་བརྗོད་དོན་སྙན་ངག་ལེགས་པོ་འབྲི་མཁན་ཡང་མང་དག་ཅིག་ཡོད་པ་ཁས་ལེན།

དེ་ལྟ་ནའང་དེང་གི་ན་གཞོན་མང་དག་ཅིག་ནི་རང་རློམ་ཚ་བོའི་ང་རྒྱལ་གྱིས་ཟིན་ཏེ་སྙན་ངག་ཏུ་རློམ་པ། སྙིང་པོ་བྲལ་བའི་ཆོ་མེད་ཁ་གཡང་དང་མགྲིན་པ་ཡན་གྱི་བསྟོད་ཚིག་རལ་བོ། ཡང་ན། སྤུས་ཚད་ཀྱིས་སྟོང་བའི་ཆེས་སྤྱིར་བཏང་གི་སྐྱུག་རོ། ཨ་ཉོག་དག་གིས་ཀྱང་ཕྲིས་ཤིང་འགྲེལ་ཐུབ་པ་རེའམ། དེ་མིན་ན། ཐ་ན་རང་ཉིད་ཀྱིས་ཀྱང་འགྲེལ་མི་ནུས་པ་རྡོཡི་་སེང་གེ་ལྟ་བུའི་ཚིག་རྫིག་ནང་སྟོང་རེ་དང་། ཚེག་དང་སྔོན་རྗེས་མིང་གསུམ་ཡང་མི་གསལ་བའི་ཡིག་ཚོགས་ལྕི་བ་གཏོང་གཏོང་བྱས་ཏེ་རླབས་ཆེ་བའི་ཁྱད་ཆོས་ཤིག་ཏུ་རྩི་བཞིན་མགོ་འཕང་གནམ་ལ་བཏེགས། རང་གི་ནང་གནས་ཀྱི་འཚོ་བའམ། བླ་སྲོག་གིས་སྦྲུམ་པའི་སྐད་སྒྲ་རྣལ་མ། ཚུགས་ཐུབ་པའི་སྙན་ངག་གི་མཚན་ཉིད་མཐའ་དག་བོར་ནས་མིང་གྲགས་སྐམ་པོ་ཁོ་ནའི་སླད་དུ་གསོན་འདུག་པ་ནི་ཇི་འདྲའི་དོན་སྟོང་བ་ཞིག་ལགས་པས་ན། ངས་རང་ཉིད་དེ་དག་དང་མ་འདྲེས་པ་ཞིག་ཏུ་འགྱུར་པར་ནམ་ཡང་སྨོན་ལམ་འདེབས་ཀྱིན་ཡོད།

ད་དུང་། ལན་ཚི་ལགས་ཀྱིས་གསུངས་པ་བཞིན། ཁོ་ཚོས་དེ་འདྲ་བའི་“ཕྱི་མཛེས་ནང་སྟོང་གི་ལུགས་ཀྱི་སྙན་ངག་མང་པོ་ཞིག་ཚིག་རིས་ཙམ་ལས་དོན་གྱིས་སྟོངས་རུང་ད་དུང་རྒྱབ་ནས་སྐྱོར་མཁན་མང་ལ། ལྷག་པར་མཚམས་མེད་པར་དཔྱད་བརྗོད་པ་ཡིན་ལོ་སྐད་པ་སྐོར་ཞིག་གིས་དོན་སྙིང་བྲལ་བའི་སྙན་ངག་དག་ལ་ཡིག་ལུད་ཀྱིས་དཔྱད་འཇོག་གནང་གིན་འདུག”ཅེས་པ་ཇི་བཞིན། ཁོ་ཚོའི་དོན་སྟོང་གི་སྙན་ངག་ཏུ་རློམ་པ་དེ་དག་ལ་རྩོམ་སྒྲིག་པ་དང་དཔྱད་བརྗོད་པ་མང་བོ་ཞིག་གིས་ཡིན་ཡིན་གྱིས་མཐེ་བོང་སྒྲེང་གིན་འདུག སྤྱིར་སྙན་ངག་ནི་བསམ་བློ་དང་རྣམ་ཤེས་བདེན་པར་གྲུབ་པའི་སྐད་ཆའི་སྒྱུ་རྩལ་གྱི་ཚེ་སྲོག་ཅིག་ཡིན་པ་ལས། ནད་མེད་འཁུན་སྒྲ་འདོན་པའི་སྤམ་རྫུའི་འཁྲབ་གཞུང་ཞིག་མ་ཡིན་པ་བཞིན། སྡོམ་ཚིག་ལྟ་བུའི་མིང་གིས་བརྡར་ཤ་གཅོད་ཚུལ་ལས་འདའ་བར་བྱས་ན་འོས་ལ། རྩོམ་པ་པོའམ་སྙན་ངག་པ་ཆེན་པོར་འབོད་པ་རྣམས་ཀྱི་བརྩམས་ཆོས་ཀྱང་མཐའ་གཅིག་ཏུ་ཁས་ལེན་བྱར་འགྱུར་དགོས་པའི་ངེས་པ་ག་ལ་ཡོད།

ཡང་གཅིག་བཤད་ན། སྙན་ངག་ཅེས་པ་ནི་ལྐོག་གྱུར་གྱི་ཐ་སྙད་ཅིག་སྟེ། དེ་མི་སྒེར་གྱི་ཆོས་ལུགས་ཤིག་གམ། ནང་སེམས་ཀྱི་རི་མོ་ཞིག་ཡིན་པས་དེ་ཇི་ལྟར་གྲུབ་པར་རྩོམ་པ་པོ་རང་ཉིད་ཀྱི་བདག་དབང་དང་ཚོར་འདུའི་སྣང་བརྙན་ལ་རག་ལས་ན་སུས་ཀྱང་འདིའོ་ཞེས་ཐེ་གཏོགས་བྱེད་རིགས་པ་ཞིག་མིན་ལ། ངེས་པར་སྙན་གཞུང་སོགས་ཀྱི་བཀག་རྒྱ་ལས་འགྲོལ་མི་ཆོག་པ་དང་། རིག་གཞུང་ཐོས་བསམ་གྱི་ཚད་གཞི་ཁོ་ནར་བསྟེན་ཏེ་ཐག་གཅོད་དགོས་པ་ཞིག་མ་རེད་མོད། དེ་ནི་ཡི་གེའི་གཟུངས་གཞུག་ལྟ་བུ་ཡིན་པས། མ་མཐའ་ཡང་བརྡ་སྤྲོད་ཀྱི་རྨང་གཞི་ཙམ་ཡང་མེད་ན་ཆོག་གམ། དེང་གི་ན་གཞོན་སྙན་ངག་པ་སྐད་དུ་འབོད་པ་རེ་ཟུང་ལ་ཡང་ཡིག་ནོར་སོགས་ཀྱི་གནད་དོན་མང་པོ་འབུད་ཀྱིན་འདུག་པ་མངོན་གསལ་རེད་མོད། དེ་ཡང་གཙོ་གནད་མ་རེད། ཡིན་པ་ནི་ཁོ་ཚོས་ཐོག་མར་རང་ཉིད་སུ་ཡིན་རྙེད་རྒྱུ་དང་། དེ་ནས་སྙན་ངག་དང་སྙན་ངག་པ་ཞེས་པ་ནི་ཅི་འདྲ་ཞིག་ཡིན་པར་ངེས་ཤེས་འདྲོང་རྒྱུ་དེའོ།།

རེད་ལགས། ད་ལྟ་ངས་རང་དང་འབྲེལ་བ་མེད་པ། རང་ལ་ཐོབ་ཐང་མེད་པ། རང་ལ་འགན་ཁུར་མེད་པ་དེ་འདྲ་མང་བོ་ཞིག་ལ་བར་ཐག་བཟུང་འདོད་ཀྱང་བར་ཐག་འཛིན་མི་ཐུབ་པའི་སེམས་ཁྲལ་སྟོང་བ་རེ་མྱོང་གིན་ཧ་ཅང་བས་མཐའ་ཞིག་ཏུ་ཕལ་བ་དང་ཁེར་རྐྱང་ངང་རྨི་ལམ་ཞིག་གི་ཆེད་ཀྱང་ཡིན་མིན་ཧ་མི་གོ་བ་དེའི་ཕྱིར་དུ་མདུན་ལ་སྐྱོད་ཀྱིན་ཡོད། ངས་གློ་བུར་དུ་འདི་ལྟར་བརྗོད་དགོས་པའང་རང་གིས་ཅི་ཡང་མ་འཁྱོངས་པར་སྡུག་ཡུས་འདོན་པ་ཙམ་མིན་ཏེ། ད་ལྟ་ངས་རང་གི་ཚོད་ཀྱིས་འཁྱོངས་ཡོད་ཅེས་བཤད་ཆོག ངས་རང་གི་ཚད་གཞི་ཅི་འདྲ་ཞིག་ཡིན་པ་དང་རང་གིས་ཅི་ཞིག་སྒྲུབ་ཀྱིན་འདུག་པ། རང་ལ་དགོས་པ་ནི་ཅི་ཞིག་ཡིན་པ་སོགས་གསལ་བོར་ཧ་གོ་ཡོད། ངས་སྙན་ངག་ཡིན་འདོད་པ་འགའ་རེ་བྲིས་པ་ནི་སུས་ཀྱང་ཁས་མ་བླངས་ན་བླ་སྟེ། རང་ལ་མཚོན་ན་དེ་དག་ནི་ལྐོག་ཏུ་མ་གྱུར་བའི་ནང་གནས་ཀྱི་འཇིག་རྟེན་འདིའི་རྒྱུ་འབྲས་དང་འཚོ་བ། རྨི་ལམ། བརྩེ་གདུང་། ཁེར་རྐྱང་། གནས་ལུགས་སོགས་ཀྱིས་མཚོན་པའི་ཚེ་སྲོག་གི་མྱོང་བ་རེ་རེ་ཡིན་ལ། ཡིན་པའང་འགན་འཁུར་ཐུབ་པས་སེམས་གཏིང་ནས་རང་དང་རང་གི་ཡིག་འབྲུ་འདི་དག་ལ་བརྩི་སྲུང་དང་སྙིང་ཉེ་ཉེ་བྱེད་ཀྱིན་ཡོད། ཡིན་ནའང་། དུས་རབས་དང་སྤྱི་ཚོགས་ཀྱི་འགལ་འདུའི་ཀློང་དུ། ད་ལྟ་ང་རང་ཉིན་རེ་ནས་ཉིན་རེ་བཞིན་ཁེར་རྐྱང་དུ་འགྱུར་བཞིན་འདུག་པ་འདྲ། ང་ད་དུང་ཅི་ཡང་བོར་སྟོར་བྱུང་ཟིན་པའི་ཁོར་ཡུག་ཅིག་ཏུ་རྒ་བ་དང་ན་བ། འཆི་བ་སོགས་ལ་སྐྲག་མི་ཡོང་སྟེ། ང་འདི་ལྟར་རྒྱུ་མཚན་ཅི་ཡང་མེད་པར་མི་རྣམས་དང་གཉིས་སུ་མེད་པར་བདེ་ཐང་གིས་སྐྱེས་ཤིང་། བདེ་ཐང་གིས་འཚོ་བ། བདེ་ཐང་གིས་འཆི་བ་ལ་ཧ་ཅང་སྐྲག ང་ཡོད་ཚད་ལ་རྩིས་ཕྲེང་གི་སྡོམ་སྐར་ལྟ་བུའི་ལས་རིགས་སུ་རྣམ་ཤེས་ཡན་པའི་རང་ཉིད་ལའང་སུན་འོང་། ད་ལྟ། ངས་རང་ཉིད་ཁོ་ནར་དབང་བའི་ནད་ཅིག་འབྱུང་བར་རེ་བ་བྱེད་ཀྱིན་ཡོད། ང་ལ་ཅི་ཡང་མེད་པ་བཞིན་ང་ལ་ཅི་ཡང་མི་དགོས། ཡིན་ནའང་། ང་ལ་རང་གི་གྲིབ་གཟུགས་མེད་ན་མི་ཆོག ངས་རང་གི་རྨི་ལམ་ལ་ཅིས་ཀྱང་འགན་འཁུར་དགོས་པས། འུར་ཟིང་དང་བདེ་ཐང་སོགས་ཀྱིས་གསོན་ཐབས་མེད་པ་ཤེས་ཡོད།

ཀློག་པ་པོ་ལགས། སྐད་ཆ་འདི་དག་གོ་རིམ་མེད་པར་བརྡོལ་ནས་མཚམས་འདིར་སླེབས་དུས། ང་ཡི་ཁོག་ཞབས་གང་ཞིག་ནས་ཚོད་ཚོད་ལ་གཅིན་གཟེར་ཞིག་ཀྱང་རྒྱུག་བྱུང་། འདི་ནི་ང་ཡི་ལྟོ་བར་བཏུང་པ་དག་ཁོ་ན་ལས་བསྐྱེད་པ་ཞིག་ཀྱང་མིན་པ་འདྲ།

གང་ལྟར། མཚམས་འདིར་ང་རང་གཅིན་ཐོག་ལ་འབུད་འགྲོ།


  • ལེ་ཚན་སྔོན་མ།:ཕྱག་སོར་བདེ་མོའི་སྒྱུ་རྩལ།
  • ལེ་ཚན་རྗེས་མ།:གཏམ་རྒྱུད་ཀྱི་སྐར་མ་རབ་རིབ།