བདུན་ཕྲག་གཅིག་གི་རྗེས་སུ་།

རྨོག་ཐང་དཀར།        2020-09-23

བདུན་ཕྲག་གཅིག་གི་རྗེས་སུ། དགེ་བསྐོས་ཀྱིས་ཐུན་གྲོལ་བའི་བརྡ་རུ་དུང་ཆེན་བོས། ཕྱི་རོལ་ཏུ་ཁ་བ་ཟམ་ཟིམ་ཞིག་རྒྱུན་མི་ཆད་པར་འབབ་བཞིན་འདུག ཤེས་རབ་དང་ཁང་ཚན་གཅིག་པའི་པད་མ་བཟང་པོས་ཟླ་གམ་གྱི་མཐིལ་སྣེ་གཉིས་རིང་ཐུང་ཆ་མི་མཉམ་པར་གྱོན་ཏེ་ཁ་བའི་ཀློང་དུ་རྒྱང་ལྟ་བྱས་འདུག དེ་རིང་ཕྱི་དྲོ་ནི་ཕར་ཕྱིན་འཛིན་གྲྭ་དང་དབུ་གསར་འཛིན་གྲྭ་གཉིས་ཀྱིས་དངོས་སུ་བརྒལ་བརྟག་གནང་བའི་དུས་ཚོད་ལ་ཁེལ་ཡོད་པས། ཤེས་རབ་ལ་གནོན་ཤུགས་ཅུང་ཟད་ཐེབས། བདུན་ཕྲག་འདིའི་ནང་དུ། ཤེས་རབ་ཀྱིས་ཕར་ཕྱིན་སྐབས་བརྒྱད་ཀྱི་འགྲེལ་བ་འགྲེལ་བཤད་དང་བཅས་པ་ལས་གཞན། དབུ་མའི་སྐོར་གྱི་ཡིག་ཆ་དུ་མ་ཞིག་ལ་དཔེ་ཀློག་བྱས། ཁོས་རྗེ་བཙུན་བྱམས་པ་དང་མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཟླ་གྲགས་བཅས་ཀྱི་གཞུང་ལུགས་ལས། གྲུབ་མཐའི་འཛིན་མཚམས་ལ་མ་ལྟོས་པའི་བློ་སྐྱེད་ཀྱང་མང་ཙམ་རག ཉིན་ཐ་མའི་ཞོགས་པ་ལ། ཁོས་རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་བསྐྱར་ཀློག་ཅིག་བྱས་ཤིང་། ཆོས་འཁོར་དང་དྲང་ངེས་ཀྱི་དཀའ་གནད་སྐོར་ཟིན་བྲིས་སུ་ཕབ་པའི་འབྲི་ཤོག་དེ་ཡང་ཡང་བཀླགས། ཟིན་བྲིས་དེ་ཕལ་ཆེར་ལོ་ངོ་ལྔའི་སྔོན་དུ། ཁོས་ས་ལམ་དང་དོན་བདུན་ཅུའི་སྐོར་ལ་དཔྱད་པ་གཏོང་སྐབས་ཤིག་ལ་བྲིས་པ་ཡིན་འདུག་སྟེ། སྐབས་དེར་ཁོའི་དཔེ་ཁྲིད་དགེ་རྒན་ལྷ་རམས་པ་འཁོར་འདས་ཚང་ཡིན་ཞིང་། ཁོང་གིས་དོན་བདུན་ཅུའི་འཆད་ཁྲིད་བགྱིས་ཟིན་ནས་ཏག་ཏག་ལོ་ངོ་ལྔ་འགོར་འདུག ད་ལྟ་སྒྲར་བླངས་ནས་ཡོད་པའི་ཁོང་གི་རྩོད་ཁྲིད་དེའི་ཡུལ་དངོས་ཀྱི་ལན་ཕུལ་མཁན་གཙོ་བོ་ནི། ན་ནིང་རབ་འབྱམས་པའི་རྩོད་རྒྱུགས་ཨང་རྟགས་མཐོ་ཤོས་ལེན་མཁན་ལྷོ་པ་སངས་རྒྱས་དོན་གྲུབ་དང་ཤེས་རབ་རང་གཉིས་ཡིན་འདུག ཤེས་རབ་ཁོ་ནི་བཤད་སྒྲུབ་དར་སྤེལ་གླིང་འདིའི་མདོ་ཕྱོགས་འཛིན་གྲྭར་ཞུགས་ནས་ལོ་བཅུ་གཉིས་འགོར་ལ་ཉེ་ཞིང་། ལོ་འདིའི་ལོ་མཇུག་ཏུ་ཕར་ཕྱིན་རབ་འབྱམས་པའི་བསླབ་གནས་ལེན་པའི་དངོས་གཞིའི་སློབ་མའི་གྲས་ཡིན། དེ་རིང་ནས་ཡར་བརྩིས་པའི་ཉིན་ཞག་བདུན་ཕྲག་གཅིག་གི་རིང་། སོ་སོའི་གྲྭ་ཤག་ཏུ་དཔེ་མཚམས་སུ་བསྡད་པ་དང་། འཛིན་གྲྭ་གཉིས་ཀྱིས་སློབ་གླིང་གི་ཚོགས་ཆེན་དབུས་སུ་རིགས་པའི་བརྒལ་བརྟག་གནང་བ་ལ་གྲ་སྒྲིག་འཐུས་སྒོ་ཚང་བ་བྱས།

པད་མ་བཟང་པོས་རས་གཟན་དམར་སྨུག་ཅིག་ཟླུམ་ཁྱེར་གྱིས་དཀྲིས་ཡོད་པ་དེ་ཕྲག་པ་གཡས་པ་ནས་གཟན་སྣེ་ཕབ་སྟེ། གཡོན་པར་བཞག་ནས་བྱང་ཆུབ་གདོང་དྲུག་གི་འཕྲེང་བ་དེ་ལག་པས་ཕུར་ཕུར་གཏོང་ཞོར། སྟོན་པ་སངས་རྒྱས་ལ་མཆོད་བརྗོད་ཅིག་བསྐྱོར་བའི་འཕྲོར་དེ་མ་ཐག་དྷཱིཿསྒྲ་ཞིག་བསྒྲགས་ནས་ཚོགས་དབུས་ནས་རྟགས་གསལ་གྱི་ཆབ་མགོ་བཟུང་བྱུང་། ཁོའི་རྟགས་གསལ་གཏོང་སྟངས་ལ་ཛ་དྲག་གི་འཕག་འཚག་ཅིག་ཡོད་དེ། ཁོས་ཚ་རྒྱག་པ་དང་འཁོར་གསུམ་སྐོར་ཚེ། ཁྱུང་ཆེན་གནམ་སའི་བར་ནས་ལྡིང་སྐོར་ཞིག་བྱས་པའི་ཉམས་དང་འདྲ་བར། སྟོབས་ཆེ་བའི་བརྗིད་ཉམས་ཀྱིས་ཚར་གཅོད་པར་བྱེད། པད་མ་བཟང་པོ་རིག་གཞུང་གི་ལམ་ཁར་ཞུགས་ནས་ལོ་བདུན་ཕྱིན་ཅིང་། ཤེས་རབ་དང་བསྡུར་ན་རིགས་པ་སྨྲ་བ་གསར་ཤོས་ཀྱི་གྲས་སུ་ཡོད། ཁོས་གཞུང་ལུགས་མང་པོ་ཞིག་ཤོག་ངོས་ནས་མི་ལྟ་བར་གློག་ཀླད་ངོས་ནས་ལྟ་ཞིང་། རྣམ་དཔྱོད་བཟང་ཞིང་རིགས་པ་ཟབ་པས་ཁོ་ནི་དབུ་གསར་འཛིན་གྲྭའི་འཐུས་ཚབ་ཀྱི་མི་སྣ་རུ་གྱུར། ཁོས་རྣམ་ཀུན་དཔྱད་གླེང་དང་ཚོགས་འདུའི་ཁྲོད། དཔེ་ཆ་མི་འཛིན་པར་གློག་ཀླད་ཅིག་ཁུར་ཏེ་འོང་བ་ལ་དགེ་བསྐོས་ཀྱིས་མ་རངས་པའི་རྣམ་འགྱུར་སྟོན། དུས་རྟག་པར་སྤྱོད་ལམ་བག་ཡངས་སུ་གནས་པའི་པད་མ་བཟང་པོ་ལ་གཏིང་ནས་རྒྱུས་ལོན་མཁན་སུ་ཡང་མེད་དེ། ཁོས་རི་མོ་དང་ཐང་ག ལོ་རྒྱུས་དང་རྩོམ་རིག་གི་སྐོར་ལ་ཡང་མོས་པ་བྱེད་པས་སུ་དང་ཡང་མོས་པ་མི་གཅིག་པར་གྱུར།

ཤེས་རབ་དང་པད་མ་བཟང་པོ་གཉིས་ཀྱིས་ལོ་སྔོན་མའི་མདོ་སྟོད་འཇང་དགུན་ཆོས་ཐོག་ནས་རིགས་པ་ཡག་པོ་བཏང་བས་སྐད་གྲགས་ཆོད་ཅིང་། སློབ་གླིང་འདིར་ཡང་ཁོ་གཉིས་ལ་དད་མོས་བྱེད་མཁན་མང་པོ་བྱུང་། ཤེས་རབ་ཀྱིས་རྣམ་ཀུན་བག་ཚ་བ་དང་ཉམ་ཆུང་བའི་ངང་། རིགས་པ་སྨྲ་བ་གཞན་དང་དོ་བསྡོ་བར་དཀའ་ཁག་ཅུང་ཟད་བྱུང་མྱོང་སྟེ། ཤེས་རབ་ནི་ཀུན་སྤྱོད་དུལ་བ་དང་ལུས་སྟོབས་ཆུང་རྐྱེན། ཚོགས་སྤུང་གི་རྩོད་གྲལ་དུ་སླེབས་པ་ཧ་ཅང་ཉུང་། པད་མ་བཟང་པོ་དང་བསྡུར་ན་ཁོས་གཞུང་ལུགས་མང་པོར་བལྟས་མྱོང་བས་གོ་སྐྱེད་བཟང་ཞིང་། གཞུང་ལུགས་སྒྲོས་གཙང་བའི་འཆད་རྒྱུན་ལྡན། ཤེས་རབ་ཀྱིས་རང་ཉིད་ཤེས་རབ་ལས་བརྩོན་འགྲུས་ལྡན་པའི་མི་ཞིག་ཡིན་པར་ཡིད་ཆེས་བྱེད་ཅིང་། རང་ཉིད་ལ་ཤེས་རབ་ཅེས་འདོགས་དོན་འདོད་རྒྱལ་བ་ཞིག་ཏུ་འདོད་ཀྱང་། གཞན་དག་གིས་ཤེས་རབ་ནི་ཤེས་བརྩོན་གཉིས་ལྡན་ཞིག་ཏུ་རྩི་བཞིན་ཡོད། དོན་དམ་པར། ཤེས་རབ་ཀྱིས་གྲྭ་ས་མང་པོ་ཞིག་འགྲིམས་པའི་རིང་། གསོ་རིག་དང་སྐར་རྩིས་སོགས་ལའང་བག་ཆགས་བཞག་རྐྱེན། ཁོ་ཕར་ཕྱིན་འཛིན་གྲྭ་ཙམ་མིན་པར་སློབ་གླིང་འདིའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཕར་ཕྱིན་འཛིན་གྲྭའི་འཐུས་ཚབ་ཤེས་རབ་དང་རིགས་པ་སྨྲ་བ་གཞན་གཉིས་དང་བཅས་པ་ནི་དམ་བཅའི་ཁྲི་སྟེགས་སུ་ལྷོད་པོར་བསྡད་འདུག པད་མ་བཟང་པོས་རྣམ་ཀུན་རང་གི་བློ་ངོར་བསླངས་པའི་གྲུབ་མཐའི་འགལ་འདུ་དང་གཞུང་གི་དཀའ་གནད་སྐོར་ཞིག་བསྟུད་མར་རིགས་པའི་ལམ་ལ་བསྐྱོན་ཅིང་། ཧ་ཅང་བདེ་ལྕག་འཁྱུག་པོའི་ངང་ཀླན་ཀ་མང་པོ་ཞིག་སྤུང་རྩིས་བྱས། ཁོས་དུས་ཚོད་གཉིས་ཙམ་གྱི་རིང་། ཉན་ཐོས་བྱེ་བྲག་སྨྲ་བ་ནས་དབུ་མ་ཐལ་འགྱུར་བའི་བར་གྱི་གྲུབ་མཐའ་དང་གྲུབ་མཐའི་གྱེས་གཞི་ཐོ་གཏུགས་ཏེ། འཁྲུག་ཆ་དོད་པོའི་བརྒལ་བརྟག་བྱས་པ་ལ། ཚོགས་དབུས་སུ་འགྲེང་བའི་རྟགས་གསལ་བ་གཞན་དག་ཏབ་ཅིག་ལ་བློང་བློང་བོར་གྱུར། གཞི་གཅིག་ཏུ་འཚོགས་པའི་དགེ་འདུན་པའི་སྡེ་ནི། དམ་བཅའ་པ་ཤེས་རབ་དང་རྟགས་གསལ་པ་པད་མ་བཟང་པོའི་འཐད་སྒྲུབ་དང་དགག་སྒྲུབ་གནང་སྟངས་ལ་ཡིད་བརྟན་འབྱུང་ཞིང་། བདུན་ཕྲག་གཅིག་གི་ཡུན་གྱི་རང་གི་དཔེ་ཀློག་ལ་ཕྱིར་འདང་རྒྱག་བཞིན་ཡ་ང་སྐྱེས། དགེ་བཤེས་དང་རིགས་པ་སྨྲ་བ་རྒན་པ་རྣམས་ཀྱིས་ཀྱང་ཧ་ལས་པའི་རྣམ་འགྱུར་སྟོན་བཞིན། སྐབས་རེར་པད་མ་བཟང་པོའི་ཕྱོགས་སུ་ལྟ་ཞིང་། ལན་རེར་ཤེས་རབ་ཀྱི་ཕྱོགས་སུ་ཅེར།

བདུན་ཕྲག་འདིའི་ནང་དུ། ཤེས་རབ་ཀྱིས་གཞུང་ལུགས་མང་པོ་ཞིག་བསྐྱར་ཀློག་བྱས་པ་ལས། ཁོའི་སེམས་སུ་ངེས་པ་འདྲོངས་ཐུབ་པ་ནི་པད་མ་བཟང་པོས་འཕངས་པའི་རིགས་པ་འདིའི་སྐོར་ཡིན་ཏེ། དབུ་མའི་དོན་དམ་གྱི་ལྟ་བ་དང་དེའི་དགག་བྱའི་སྐོར་རེད། ཤེས་རབ་ཀྱིས་ལོ་ངོ་དུ་མར་ཆོས་ར་ནས་འདིའི་སྐོར་མཚན་ཉིད་རིག་པས་དཔྱད་ཞིབ་དུ་མ་ཞིག་བྱས་ཀྱང་། ཁོ་ལ་མཚོན་ན་གསར་རྙིང་ཕྱོགས་མེད་ཀྱི་ལྟ་གྲུབ་ཅིག་ད་བར་དུ་ཆགས་ཐུབ་མེད་པར་འདོད་ཅིང་། ཁོས་རྙིང་མའི་གསུང་རབ་ཁྲོད་ནས། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་དབུ་མའི་སྐོར་གྱི་དཔེ་ཆ་དུ་མ་ཞིག་ལ་ཟུར་ལྟ་བྱས་ཏེ། ཁོས་ད་གཟོད་མདོ་ཕར་ཕྱིན་ཐེག་པའི་ལྟ་གྲུབ་ཀྱི་མགོ་ཁུངས་ཤིག་རྙེད་པར་ཡིད་ཆེས་འཕེར། པད་མ་བཟང་པོའི་རིགས་པའི་ཐབས་རྩལ་ཡང་ཧ་ཅང་རྣོ་སྟེ། ཁོས་སྔ་རྒོལ་ཤེས་རབ་ཀྱི་བཞེད་མཚམས་གསལ་བོར་ཤེས་རྗེས། གཞུང་ལུགས་ཀྱི་འགལ་སྤུངས་རེ་ཞིག་དོར་ཏེ། རྟོགས་པའི་ཉམས་ལེན་དང་རིགས་པའི་ཟབ་ཚད་ཅིག་ལ་སྦྱར་ཏེ་བརྒལ་བརྟག་ཡང་ཡང་བྱས་ཤིང་། ཤེས་རབ་ཀྱིས་ཀྱང་གཞུང་དང་གཞུང་གི་བཞེད་པ་ལྷུ་བསྒྲིགས་ཤིང་། རིགས་པ་དང་རིགས་པའི་ཀླན་ཀ་བསལ་བར་བྱས་ཏེ། དུས་ཚོད་གསུམ་གྱི་རིང་ལ་ངོ་མཚར་བའི་རྩོད་པའི་ང་རོ་དེ་དྲག་ཏུ་མཆེད་པའི་སྐབས་ཤིག་ཏུ། ཡུན་རིང་འགྱངས་བའི་དུས་ཚོད་ཀྱིས་ཨག་སྐད་འབྱིན་པ་ལྟར། དགེ་བསྐོས་ཀྱིས་ཚོགས་ཆེན་འདི་གྲོལ་རན་པའི་ཐ་ཚིག་བསྒྲགས་བྱུང་།

གཡས་ཀྱི་གདན་རིམ་ལ་འཁོད་པའི་དགེ་བཤེས་འཇམ་དབྱངས་ཀྱིས། བདུན་ཕྲག་འདིའི་ནང་དུ་འཛིན་གྲྭ་གཉིས་ཀྱི་ཐོས་བསམ་གྱི་བློ་སྒོ་ཇེ་ཡངས་སུ་སོང་འདུག་ཅེས་གཟེངས་བསྟོད་བྱས། ལྷག་ཏུ་ཤེས་རབ་ཀྱིས་རིག་གཞུང་གི་རྒྱབ་རྟེན་བཀན་པའི་དམ་བཅའ་སྨྲས་པ་ལ་བསྟོད་བསྔགས་ཚད་མེད་ཅིག་བྱས། དེ་མ་ཐག གཡོན་གྱི་གདན་རིམ་ནས་ལྷ་རམས་པ་མུན་འཇོམས་ཀྱིས་སྐད་སྦུག་ཕྱག་ཏུ་བཟུང་ནས་ཡར་བཞེངས་སོང་། ཁོང་གིས་བཤད་སྒྲུབ་དར་སྤེལ་གླིང་གི་ཤེས་ཡོན་དང་སྤྱོད་ལམ་གྱི་ཚད་གཞི་ཡར་རྒྱས་སུ་ཕྱིན་པའི་གནས་ཚུལ་དང་སྦྲགས་ཏེ། ཤེས་རབ་ནི་དཔང་རྟགས་གལ་ཆེན་ཞིག་ཡིན་ཞེས་གསུང་། འོན་ཀྱང་། ཤེས་རབ་ཀྱིས་རང་གི་དམ་བཅའ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་བྱུང་བ་ཡེ་ནས་མ་ཚོར་ཞིང་། ལྡོག་སྟེ་པད་མ་བཟང་པོའི་རིག་གཞུང་གི་གསང་བ་ལས་འདས་པའི་སྒེར་ཚུགས་ཀྱི་རིགས་པ་དེ་དག་ལ་ཡིད་འཁོར། ཤེས་རབ་དང་བཅས་པའི་དམ་བཅའ་པའི་དཔུང་སྡེ་དེས། ཞྭ་སེར་ཕྲག་ཏུ་གཟར་ཏེ་གུས་ཉམས་ཀྱིས་དམ་བཅའི་ཁྲི་སྟེགས་ལས་བབས་ཏེ་ཚོགས་གྲལ་གྱི་གདན་དུ་འཁོད། པད་མ་བཟང་པོས་སྐེད་པར་དཀྲིས་པའི་རས་གཟན་ཕྱིར་བཀྲོལ་ཏེ་ཟླུམ་ཁྱེར་གྱིས་དཀྲིས་ཤིང་། དཔྲལ་བའི་ངོས་སུ་ལྡང་བའི་རྔུལ་ཆུ་ཕྲན་བུའི་ཚོམ་བུ་དག་ག་ལེར་འབྱིད་རྗེས། དཔུང་འགག་གི་བྲང་ཁུག་ནས་ཆུ་ཚོད་འཁོར་ལོ་བླངས་ཏེ་མཁྲིག་མར་བཏགས།

ཚོགས་ཆེན་འདིའི་ཁྲོད་ནས་པད་མ་བཟང་པོ་ནི་རྟགས་གསལ་གཏོང་བར་འཇོན་ཐང་ཆེ་བའི་རིགས་པ་སྨྲ་བ་གསར་ཤོས་ཀྱི་གྲས་དེ་ཡིན་རྐྱེན། ཁོ་གཞི་རྒྱ་ཅི་འདྲ་ཆེ་ཡང་ཚོགས་གྲལ་དུ་རིགས་པ་གཏོང་བར་ཞུམ་པ་མེད་ཅིང་རྣམ་རིག་རྒོད། ལྷག་ཏུ་ལུས་སྟོབས་བཟང་ཞིང་སྨ་རའི་ཚོམ་བུ་རྒྱས་པས་ཁོ་ལ་དམིགས་བསལ་གྱི་བརྗིད་ཉམས་ཤིག་ལྡན།ཤེས་རབ་ཀྱིས་པད་མ་བཟང་པོར་གདེང་འཇོག་བླ་མེད་ཅིག་བྱེད་བཞིན་ཡོད་དེ། ཁོས་རང་ཉིད་ཀྱི་སློབ་སྦྱོང་དང་པད་མ་བཟང་པོའི་སློབ་སྦྱོང་གི་བར་དུ། ཐབས་ལམ་མི་འདྲ་བའི་བྱེད་ཐབས་གཞན་ཞིག་ཡོད་པར་འདོད། པད་མ་བཟང་པོས་རྣམ་ཀུན་ཤོག་ངོས་ཀྱི་ཡི་གེའི་རི་མོ་དེ་ལ་མཐོང་མི་སྤྲད་པར། ཡི་གེ་དེའི་ལྟག་རྒྱབ་ཏུ་ཤེས་རབ་ཀྱི་རི་མོ་ཞིག་ཡོད་ཅེས་སྐད་ཆ་དམིགས་བསལ་བ་ཞིག་བཤད། རིགས་པ་སྨྲ་བ་གཞན་དག་གིས་དེ་ནི་རྩོམ་རིག་གི་སྐད་ཆ་ཞིག་ཡིན་པས་གཞུང་ལུགས་དང་འབྲེལ་བ་མི་འདུག་ཅེས་བརྗོད་ནའང་། པད་མ་བཟང་པོས་སྐད་ཆ་འདི་ལ་བདེན་ཁ་ངེས་ཅན་ཞིག་ཐོབ་པའི་སྐད་ཆ་གཞན་མ་སྨྲས་པར། ཁུ་སིམ་དུ་བསམ་གཞིག་གི་རྒྱུན་ལ་ཞུགས། ཟླ་རེའི་ནང་དུ་བདུན་ཕྲག་གཅིག་ལ་དཔེ་མཚམས་སུ་བསྡད་པ་ན། ཤེས་རབ་ཀྱིས་དཔེ་ཆ་འདྲ་མིན་ཞིག་བཀླགས་པ་ལས་ཆ་ཤས་བླངས་ཏེ་ཟིན་བྲིས་འདེབས་ཐུབ་པ་དང་། པད་མ་བཟང་པོ་ལ་ཡང་ནང་བསྟན་གྱི་གཞི་ལམ་འབྲས་གསུམ་གྱི་ཡང་སྙིང་དང་སྦྲེལ་ཟམ་ལ་བསམ་གཞིག་གཏིང་ཟབ་ཅིག་གཏོང་ཁོམ་བྱུང་དང་འབྱུང་བཞིན་ཡོད། པད་མ་བཟང་པོས་གློག་ཀླད་ནང་དུ་བསམ་གཞིག་གཏོང་སྟངས་ཀྱི་རེའུ་མིག་ཅིག་ཇུས་འགོད་བྱས་ཏེ། ཐིག་དང་ཐིག་ཕྲན། ཨང་ཀི་མང་བའི་ལྐོག་གྱུར་གྱི་གསང་ལམ་ཞིག་ལས་རིག་གཞུང་འཚོལ་ཞིབ་བྱེད་བཞིན་འདུག ཁོས་ཆོས་དབྱིངས་སྟོང་པ་ཉིད་ལ་ཡང་རི་མོའི་གཟུགས་ཀྱི་བརྡ་རྟགས་ཤིག་བྲིས་འདུག དེ་ལ་རིགས་པ་སྨྲ་བ་གཞན་ཚོས་བཤད་ན། “ཆོས་དབྱིངས་སྟོང་པ་ཉིད་”ནི་ཟབ་གསལ་གཉིས་མེད་ཀྱི་གནས་ལུགས་ཡིན་པས་མཚོན་ཐབས་འབྲི་མི་རུང་ཞེས་ཀྱང་ཟེར། འདི་ནི་ཐབས་རྩལ་ཞིག་ཡིན་པའི་ངེས་ཤེས་འོག་པད་མ་བཟང་པོར་སྣང་དོགས་ཅི་ཡང་མི་འདུག

བདུན་ཕྲག་གཅིག་གི་རྗེས་ཀྱི་བརྒལ་བརྟག་འདི་ལ་རྒྱལ་ཕམ་ངེས་ཅན་ཅི་ཡང་བྱུང་མ་སོང་། རིགས་པའི་བརྒལ་བརྟག་མཇུག་གྲོལ་དུས་སུ། དགེ་བཤེས་ལྷ་རམས་པ་རྣམས་ཀྱིས་ཤེས་རབ་ལ་བསྟོད་བསྔགས་བྱས་ཤིང་། པད་མ་བཟང་པོར་དམིགས་བསལ་གྱིས་བསྟོད་བསྔགས་མ་བྱས་པ་དེས། ལོ་ན་ཆུང་བའི་སློབ་ཕྲུག་ཚོས་ཤེས་རབ་རྒྱལ་སོང་ངོ་སྙམ་ནའང་། ཤེས་ཚད་མཐོ་བའི་རིགས་པ་སྨྲ་བ་རྣམས་ནི་རྒོལ་སྔ་ཕྱི་གཉིས་ཀྱི་ཤེས་ཚད་ལ་ཧ་ལས་པའི་ཡི་རངས་སྐྱེས། གལ་ཏེ་ཚོགས་དབུས་ཀྱི་བརྒལ་བརྟག་ཁྲོད། རིགས་པ་གཏོང་མཁན་རྒྱལ་ན་དམ་བཅའ་སྨྲ་མཁན་གྱི་ཤེས་ཚད་ཅིག་ཡར་རྒྱས་སུ་སོང་བ་དང་། དམ་བཅའ་སྨྲ་མཁན་རྒྱལ་ན་ཅིག་ཤོས་ལ་བློ་སྐྱེད་ཅིག་གི་ཁེ་ཕན་འབྱུང་བ་ཆོས་ཉིད་ཡིན་མོད། ཤེས་རབ་དང་པད་མ་བཟང་པོའི་བར་དུ། རེས་འཇོག་མེད་པར་གཏིང་ཟབ་པའི་དཔྱད་གླེང་ཞིག་བྱུང་བ་ཏན་ཏན་རེད།

པད་མ་བཟང་པོ་རི་བོ་དགེ་ལྡན་པའི་བསྟན་ཞབས་སུ་སྐྱེས་པ་དང་། ཤེས་རབ་ནི་སྔ་འགྱུར་རྙིང་མའི་བསྟན་ཞབས་སུ་སྐྱེས་པ་ཡིན་ན་ཡང་། ཁོ་གཉིས་ཀྱིས་ཆོས་གྲྭ་གཅིག་ནས་འཛིན་གྲྭ་གོང་འོག་ཏུ་ཞུགས་ཏེ་མདོ་ཕྱོགས་པོ་ཏི་ལྔ་ཡི་སྐོར་ལ་དཔྱད་ཞིབ་བྱས་པ་ཡིན་པས་མི་འདྲ་ས་གཞན་ཅི་ཡང་མེད། ཤེས་རབ་ཀྱི་དངོས་གཞིའི་སློབ་ཁྲིད་ཁྲོད་རྙིང་མའི་དཔེ་ཆོས་སྐོར་མེད་ཀྱང་། ཁོས་རྣམ་ཀུན་གསར་རྙིང་གཉིས་ཀྱི་གཞུང་ལུགས་ལ་ཟུར་ལྟ་བྱས་ནས་འདྲིས་ཆ་བརྟན་པོ་ཚུགས། ཤེས་རབ་ཀྱིས་གསར་རྙིང་གཉིས་ཀྱི་དགོངས་པའི་མཐིལ་མི་མཐུན་པ་གཞི་ནས་མ་ཚོར་ཞིང་། དེ་ནི་སྔགས་རིམ་གྱི་བརྒྱུད་པ་སྔ་ཕྱི་ཙམ་ལས་ཧེ་བག་གཞན་མི་འདུག་སྙམ་བཞིན་ཡོད། པད་མ་བཟང་པོས་ཆོས་བརྒྱུད་ཀྱི་དབྱེ་བ་ལ་དོ་སྣང་མི་བྱེད་པར། དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་བཅོལ་ཏེ་ཆོས་ཀྱི་ཡང་སྙིང་ག་རེ་ཡིན་ནམ་ཞེས་པའི་འདྲི་ཚིག་ཅིག་བཏོན་ཏེ། དེ་ལ་ཡིད་ཚིམ་པའི་ལན་ཞིག་རྙེད་པར་འཚོལ་སྙེག་བྱེད་བཞིན་ཡོད་ཟེར།

༡༠

བདུན་ཕྲག་གཅིག་གི་རྗེས་སུ། ཤེས་རབ་ཀྱིས་པད་མ་བཟང་པོར་དཔྱད་གཞིའི་ཡིག་ཆ་ཞིག་མཁོ་འདོན་བྱས་པ་བརྒྱུད་དེ། གླེགས་བམ་མང་པོ་ཐོ་བརྩེགས་སུ་བརྩིགས་པའི་དཔེ་ཁང་ཞིག་ནས་ཁོ་གཉིས་ཀྱིས་ཁ་བརྡ་བྱས། ཁོ་གཉིས་ཀྱི་བར་དུ་རང་བཞིན་དཀྱུས་མའི་སྐད་ཆ་ཅི་ཡང་མེད་པས་རིག་གཞུང་གི་ངོས་ནས་དཔྱད་གླེང་བྱས། པད་མ་བཟང་པོས་གླེང་གཞི་རེ་བཏོན་རྗེས། ཤེས་རབ་ཀྱིས་གཞུང་ལུགས་ཀྱི་རྒྱབ་ལྗོངས་མང་པོ་མ་སྤུངས་པར་བསྡུས་བརྗོད་ཀྱིས་ལན་སྦྲན། ཤེས་རབ་ཀྱིས་ཁུངས་བཙུན་པའི་སྒྲུབ་བྱེད་སྟོབས་ལྡན་དྲངས་པ་ན། པད་མ་བཟང་པོར་གཞུང་ལུགས་ཀྱི་ཤོག་ངོས་མང་པོར་བལྟ་དགོས་པའི་སྐུལ་མ་ཐེབས། ཤེས་རབ་ཀྱི་སེམས་སུ། པད་མ་བཟང་པོས་རིག་གཞུང་གི་སྙིང་པོ་རྒྱས་སྤྲོས་ཀྱིས་ཕར་མི་འདེད་པར། སིལ་བུར་གྱེས་པའི་ཡན་ལག་དག་གཅིག་སྡུད་རང་བཞིན་གྱིས་ཚུར་སྡུད་བཞིན་པའི་བསམ་བློ་དེ་རྟོགས། དེ་ནི་ཁོས་གླེང་གཞི་འདོན་སྟངས་ལ་གཞིགས་ཏེ་ཤེས་ཤིང་། དེས་ཤེས་རབ་ལ་བློ་སྐྱེད་གཞན་ཞིག་ཀྱང་མཆེད་དུ་བཅུག དེ་དག་ནི་སོ་སོས་ཕན་ཚུན་ལ་ཆེད་དུ་བཏོན་པའི་སྐུལ་ལྕག་མིན་པར་ཤུགས་ཀྱིས་ཐེབས་པའི་སྐུལ་ལྕག་རེ་རེར་གྱུར་ཏོ།།

  • ལེ་ཚན་སྔོན་མ།:ད་ལྟའི་བདེ་སྐྱིད།
  • ལེ་ཚན་རྗེས་མ།:ཕྱག་སོར་བདེ་མོའི་སྒྱུ་རྩལ།