བུ་མོ་དེའི་གླུ་དབྱངས་ཐོས་དུས།

གངས་འཁྱམ་གསར་བུ།        2020-09-22

བུ་མོ་དེའི་གླུ་དབྱངས་སྟེས་དབང་གིས་

བདག་གི་རྣ་བར་འཛུལ་བྱུང་།

གྲོང་ཁྱེར་དེའི་ངལ་དུབ་དང་འདུ་འཛིའི་

ཁྲོད་ནས།

བདག་ལ་ཧ་ཅང་ལྷིང་འཇགས་ལྷིང་

འཇགས་ཤིག་སྟེར་བྱུང་།

བུ་མོ་དེའི་གླུ་དབྱངས་ཐོས་དུས།

རྒྱང་རིང་གི་རྩྭ་ཐང་དང་རྩྭ་ཐང་གི་ཨ་

ཅེའང་དྲན་བྱུང་།

ད་ལྟ། རྩྭ་ཐང་གི་ཨ་ཅེ་ཕལ་ཆེར་ལྷས་

འདབས་སུ་ཙོག་ནས།

རང་ཉིད་ཀྱི་རྩྭ་ཐང་དང་ནོར་གནག་སྒུག་ཅིང་།

རྒྱང་རིང་རྒྱང་རིང་གི་མེ་འཁོར་ལ་མིང་ཟུང་

བསྲིངས་ཡོད་ངེས།

བུ་མོ་དེའི་གླུ་དབྱངས་ཐོས་དུས།

གྲོང་ཁྱེར་གྱི་གྲུ་ཟུར་དུ་ཙོག་ནས།

ས་སྲོད་ཀྱི་ཤ་འོད་འཐུང་མཁན་གྱི་སྙན་ངག་

པ་དྲན་བྱུང་།

ཁོའི་ཐ་སྙད་ཀྱི་གྲུ་གུ་བསྒྲིལ་བའི་རྒྱང་རིང་ན།

བརྩེ་དུང་གི་བུ་མོའི་མིག་ཟུང་ན་རྩྭ་ཐང་

བཞད་འདུག

བུ་མོ་དེའི་གླུ་དབྱངས་ཐོས་དུས།

ཆང་ལ་ཞབས་དག་རྒྱབ་མཁན་གྱི་ཨ་ཇོས།

གྲོང་ཁྱེར་གྱི་མཚན་མོ་འཛུམ་གྱིས་བསུས་སོང་།

ཁོའི་ངལ་དུབ་ཀྱི་འཚོ་བ་དང་བདག་གི་

སེམས་པ།

དོ་ནུབ་ཀྱི་ཆང་ཕོར་དུ་བླུགས་ཡོད།

བུ་མོ་དེའི་གླུ་དབྱངས་ཐོས་དུས།

གྲོང་ཁྱེར་གྱི་མཚན་མོར་ཁྱོད་ལ་ལྷིང་

འཇགས་ཤིག་འདུག་ཅིང་།

ལྷིང་འཇགས་ཀྱི་བང་རིམ་ན་སེམས་ཀྱི་བུ་

མོ་དཀར་ལམ་ལམ་དུ་འཚེར་བྱུང་།

བུ་མོ་དེའི་གླུ་དབྱངས་ཐོས་དུས།

རྒྱང་རིང་ནི་སེམས་ཀྱི་ཉེ་སར་འདུག་ཅིང་།

སེམས་ཀྱི་ཉེ་སར་བུ་མོའི་གླུ་དབྱངས་འདུག་གོ །


  • ལེ་ཚན་སྔོན་མ།:འཁོར་བའི་ལྷ་མོ་དང་གཞན་དག
  • ལེ་ཚན་རྗེས་མ།:ལྐོག་གྱུར་གྱི་འཚོ་བ།