གངས་ཆབ་ལྷ་སྲས། 2020-09-16
རྒྱབ་རི་གངས་ཀྱིས་མུ་ཁྱུད་རབ་ཏུ་བསྐོར།།
ས་འཛིན་གཡུ་ཡི་ལྭ་བ་གྱོན་པའི་མདོག།
རི་ཐང་སྒང་གཤོང་རྟ་ནོར་ལུག་གིས་སྤྲས།།
ཨེ་མ་རྨད་བྱུང་ཕ་ས་མ་མཚེར་གང་།།
ཕ་ཡུལ་འབྲོག་གི་མཛེས་སྡུག་སྲིད་ན་འགྱིང་།།
རྩམ་ཞོ་འོ་ཐུད་ཟས་བཅུད་ཕུན་ཚོགས་གཏེར།།
སྨན་སྣ་མེ་ཏོག་དྲི་བསུང་ཕྱོགས་བཅུར་འཐུལ།།
བཅུ་ཕྲག་རིག་དར་ཆོས་ཀྱི་ཞིང་ཁམས་གྲགས།།
ཨེ་མ་བདེ་ལྡན་སྐྱིད་པའི་དགའ་ཚལ་གང་།།
ཕ་ཡུལ་འབྲོག་པའི་འཚོ་རྟེན་ཁྱོན་ན་བརྗིད།།
འཛམ་གླིང་མི་རིགས་སྨོན་པའི་ཡུལ་མཆོག་པ།།
རང་བྱུང་ཁོར་ཡུག་སྐྱེད་ཚལ་ཉམས་དགའ་བས།།
མ་བོས་མགྲོན་པོ་འཚང་ཁ་ཤིག་ཤིག་ཕེབས།།
བྱམས་བརྩེ་རྟ་བདུན་འཕྲོས་སའི་ཡུལ་དེ་གང་།།
ཕ་ཡུལ་མཐོ་སྒང་ཡིད་འོང་མིག་གི་དཔལ།།
ཁམས་པའི་ཕོ་རྒོད་ཀླུང་རྟའི་སྤུར་གྲི་རྣོ།།
མི་ནོར་ཕྱྭ་གཡང་རུ་མ་ལྟེམས་སེ་ཡོད།།
ཁམས་པའི་བུ་མོ་ལང་ཚོའི་མེ་ཏོག་འཛུམ།།
དགའ་སྤྲོའི་ལོངས་སྤྱོད་དལ་འཛིན་ཡུལ་དུ་འགྲན།།
མཐོ་བོད་འབྲོག་པའི་ཞིང་དེར་ཕུལ་དུ་བྱུང་།།
རྒན་པའི་མ་ནི་བགྲང་གིན་ཆོས་ལ་འབད།།
གཞོན་པའི་ཤེས་རིག་གོམ་ཁ་བསྐྱོད་ལ་བྲེལ།
བྱིས་པའི་སློབ་གྲྭའི་གླིང་ནས་དབྱངས་གསལ་གྱེར།།
གནའ་དེང་ཁ་བའི་ཆོས་སྲོལ་གཅེས་འཛིན་ཏེ།།
གངས་ལྗོངས་འབྲོག་པའི་སྲོལ་རྒྱུན་ཁྲི་ལོར་ཤོག།
རྩོམ་གསར། 10