ཞང་ཞུང་གི་རྒྱལ་པོ་དྲན་བྱུང་།

གངས་འཁྱམ་གསར་བུ།        2020-09-16

མི་རྣམས་ཀྱི་ངག་རྒྱུན་དུ།

ཁྱོད་ནི་གསང་རྒྱའི་བན་བུན་གྱིས་གྲུབ་པའི་མུ་ཏིག་ཅིག་

རེད་ཟེར།

མཚན་མོ་གཅིག་གི་དུས་ཡུན་དུ།

ཁྱོད་རང་རང་ཉིད་ཀྱི་མངའ་རིས་ནས་གར་སོང་

ཆ་མེད་དུ་སོང་ཟེར།

དུས་དེ་ནས་ཟུང་།

ལོ་ཟླའི་རྣག་ཁྲག་ཤིང་རྟས་དྲུད་ཅིང་།

རླུང་གི་མེ་རོས་མཐོ་སྒང་ཚིག་པར་བྱས།

ང་རང་། ཁྱོད་ཀྱི་ནམ་མཁར་བྲིས་པའི།

དབུགས་རྒྱུ་སྐམ་པའི་ཕྱེ་ལེབ་ཅིག་ཡིན་ཕྱིར།

ཁྱོད་ཀྱི་རི་བོའི་དངོ་དང་གངས་རིའི་རྩིབ་མ།

ཁྱུར་མིད་དུ་བཏང་ཐབས་བྱས།

གཟན་ཤམ་སྨུག་པོ་གཅིག

ཀེང་རུས་ཇི་བཞིན་ཀེམ་ཀེམ་དུ་གཡོ་དུས།

ཁྱོད་ཀྱི་ཐོར་ཅོག་གི་གཟི་མིག་དགུ་པ།

ཕ་གིའི་བྲག་སྟོད་ཀྱི་རྒོད་པོ་ཇི་བཞིན།

ནམ་མཁའ་ཡོངས་སུ་མནན་ཞིང་།

སེང་གེས་སྡེར་མོ་བགྲད་པའི་མཆོད་རྟེན་གྱི་

ཨི་གུང་ཞིག་ཏུ།

ཨུ་ཚུགས་ཀྱིས་འཕུར་ནས། ནམ་ཡང་གཉིད་སོང་།

གཟན་ཤམ་སྨུག་པོ་དེ་ནས་མདའ་གྲིའི་དམར་གྲི་

འཐུལ་བྱུང་།

ཉི་མ་ནུབ་རིའི་རྩེ་མོ་ནས་ཟུམ་རྗེས།

མཐོ་སྒང་ནི་ཁེར་རྐྱང་གི་རྒྱབ་གཟུགས་ཤིག་རེད།

གུ་གེ་གནའ་ཤུལ།

མིད་པ་བརྣངས་བྱུང་ངམ།

འོ་དོད་དང་སྨྲེ་སྔགས་ང་ལ་ལབ་རོགས།

མཐོ་ལྡིང་དགོན་པ།

ཁྱོད་ཀྱི་གསང་བའི་སྒེའུ་ཁུང་ཕྱེ་རོགས།

ང་ནི་ན་ཟུག་གིས་གཟེར་བའི་ཕྱེ་ལེབ་ཅིག་ཡིན་པས།

ཁྱོད་ཀྱི་རུམ་ཁུང་དུ་གནས་ཚང་གཡར་རོགས།


  • ལེ་ཚན་སྔོན་མ།:སྟོན་མཇུག་གི་དངན་པ།
  • ལེ་ཚན་རྗེས་མ།:ངའི་ཕ་ཡུལ་འབྲོག་ལྗོངས།