སྟོན་མཇུག་གི་དངན་པ།

ཙ་ཡུས་བཟོད་པ།        2020-09-16

དུས་ཀྱི་གོམ་འགྲོས་མཚར་བོའི་འགྲུལ་བཞུད་ཀྱི་ཀློང་ན།།

རྐང་འཐུང་འདབ་ལོ་གཉོམ་པོའི་གསེར་མདོག་རུང་གྱོན་ཏེ།།

ཤག་ཤག་ཀུན་བཟོད་དགའ་མའི་འཕང་བ་རུ་འཐོར་དུས།།

ཀུན་རྟོག་སེམས་པ་གཉོམ་པོ་འཁྲེང་སེམས་ཀྱིས་བཏེགས་སོང་།།

བསིལ་རླུང་འཇམ་པོ་ལྡང་བའི་འགྱུར་བག་གི་ཀློང་ན།།

གདུག་རྩུབ་གྲང་རེག་རྒོད་པོའི་ཁོར་ཡུག་ཀུན་གཅུམ་སྟེ།།

ཡོད་ཚད་ཤིག་ཤིག་འདར་བའི་ངང་ཚུལ་དེ་མཐོང་དུས།།

འཇགས་མེད་དྲན་ཤེས་རྒོད་པོ་འཕག་འཚག་ཅིག་ལྷགས་སོང་།།

ཡོད་ཚད་སྐྱ་སེར་བསྣམས་པའི་སྨོན་སེམས་ཀྱི་ཀློང་ན།།

དངན་པ་སྟོང་གིས་བཙིར་བའི་སྐྱོ་དབྱངས་ཤིག་གྱེར་ཏེ།།

འཇག་སྐྱའི་ཤུགས་སྒྲ་ཉན་བཞིན་སེམས་ཁམས་རེ་གསོ་དུས།།

འགྱུར་མེད་སེམས་རྩ་རྒོད་པོ་ལྷོག་ལྷོག་ཏུ་འགུལ་སོང་།།

རེ་བཞག་སྟོང་གིས་དཀྲིགས་པའི་རེ་སྨོན་གྱི་ཀློང་ན།།

ཞེད་སྣང་ཤུགས་ཀྱིས་བཞུར་བའི་དངན་པ་ལ་འཁེན་ཏེ།།

བསམ་གཞིག་ཁུད་ན་སྐྱོམ་པའི་སྐྱོ་ངལ་དེ་མཐོང་དུས།།

གཟིར་མེད་ཚོར་འདུ་ཟབ་མོ་རང་ཤུགས་ཀྱིས་འགུལ་སོང་།།

གསེར་མདོག་འདབ་ལག་གཉོམ་པོའི་ཤིག་ཤིག་གི་ཀློང་ན།།

གཅིག་རྗེས་གཉིས་མཐུད་སྟོང་བའི་མཁའ་དབྱིངས་སུ་འཕུར་ཏེ།།

ལྷེབ་ལྷེབ་ས་རུ་འཐོར་བའི་ངང་ཚུལ་དེ་མངོན་དུས།།

རྣམ་དག་སེམས་པ་དམར་བོ་སྐྱོ་ཤས་ཤིག་བབས་སོང་།།

འདི་ལྟར་བཞུད་སྲོལ་སུན་པོའི་འཁྲེང་སེམས་ཀྱི་ཀློང་ན།།

འགྱུར་སྟངས་སེམས་སུ་བརྣག་པའི་ངེས་ཤེས་ཤིག་ལྷགས་ཏེ།།

སྣང་ཚུལ་འདི་ཡི་བདེན་ཁའི་རང་ཞལ་དེ་མཐོང་དུས།།

གཡེལ་མེད་དྲན་འཛིན་རྒོད་པོ་བཞུད་ལམ་ཞིག་བསྟན་སོང་།།

ལྡོག་མེད་བཞུད་སྟངས་འདི་ཡི་གོམ་འགྲོས་ཀྱི་ཀློང་ན།།

མཆོག་དམན་ཀུན་ལ་འདི་ལྟར་ངལ་དུབ་ཀྱིས་འཁྱམས་ཏེ།།

མངོན་སུམ་མིག་ལ་བསྟར་བའི་རྣམ་གཞག་དེ་མཐོང་དུས།།

ཡལ་མེད་ཚོར་ཤེས་སྐྱེན་པོར་རང་མདངས་ཤིག་བསྣན་སོང་།།


  • ལེ་ཚན་སྔོན་མ།:མཚན་ལམ་རིང་མོ།
  • ལེ་ཚན་རྗེས་མ།:ཞང་ཞུང་གི་རྒྱལ་པོ་དྲན་བྱུང་།