འཇིག་རྟེན་ལེགས་སྨོན་གྱི་གཏམ།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།        2020-09-16

    གློ་བུར་ཐོལ་དུ་བྱུང་བའི“ཏོག་གསར་གློ་ཚད”ནད་རིམས་ཀྱིས་ཀྲུང་གོའི་དཔྱིད་གསར་དུས་ཆེན་ཟང་ཟིང་དུ་བཏང་བར་མ་ཟད་ཀྲུང་གོ་བ་ཡོད་དོ་ཅོག་གི་རྒྱུན་ལྡན་འཚོ་བ་ལའང་འགྱུར་བག་ཐེབས།

    གདུག་རྩུབ་ཆེ་བའི་ནད་རིམས་ཀྱི་ཁ་གཏད་དུ། མཛེ་མཚམས་གཅོད་པ་ནི་ནད་དུག་འགོས་ཁུངས་གཅོད་པའི་ཐོག་མའི་ཐོག་མ་དང་ཕན་ནུས་ཆེས་ཆེར་ལྡན་པའི་ཐབས་སྒོ་ཞིག་ཡིན།

     མི་དང་མིའི་བར། གཞིས་ཁུལ་དང་གཞིས་ཁུལ་བར། གྲོང་ཚོ་དང་གྲོང་ཚོའི་བར། གྲོང་ཁྱེར་དང་གྲོང་ཁྱེར་བར། ཞིང་ཆེན་དང་ཞིང་ཆེན་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་རང་བདག་གིས་མཛེ་མཚམས་གཅོད་པ་མིན་ན་གཞན་དབང་གིས་མཛེ་མཚམས་གཅད་དགོས། དེ་ནི་འཁོར་སྐྱོད་རྒྱ་ཆེ་བའི་རྒྱལ་ཁབ་ཀྲུང་གོ་དར་ཅིག་གི་རིང་རང་སོར་གནས་པའི་སྐབས་མཚམས་ཤིག་ཡིན་ཞིང་། འགྲོ་བ་མིའི་རིགས་བྱུང་ཚུན་དུ་སྔར་ཡོད་མྱོང་མེད་པའི་རང་བདག་མཛེ་མཚམས་གཅོད་པའི་ལས་སྒོ་ཆེན་མོ་ཞིག་ཀྱང་ཡིན།

    ཚོ་རྒྱ་བསྡམས་པ་དང་མཁར་རྒྱ་བསྡམས་པ། གོམ་རྒྱ་བསྡམས་པ། འདུ་འཛོམས་བཅད་པ། འགྲུལ་རྒྱ་བསྡམས་པ་སོགས“ཁྱིམ་དུ་སྒོང་བ་ནི་སྤྱི་ཚོགས་ཀྱི་བྱས་པ་དོན་ལྡན”ཉིད་དོ། །

ཀྲུང་གོ་དར་ཅིག་རིང་རང་སོར་གནས་པའི་སྐབས་མཚམས་སུ། རྒྱལ་འབངས་གོང་འོག་བར་གསུམ་གྱིས་གོམ་རྒྱ་སྡོམ་དུས་སུ། སེམས་མཁར་མཉམ་དུ་བཞེངས་ནས་བློ་རྩེ་གཅིག་གིས་ནད་དུག་འགོག་དུས་སུ། མི་བུ་ཅོག་གིས་ཀྱང་ནུས་མཐུ་བསྒོམས་ཏེ་སྟོང་ལོ་གསར་པ་ཚེས་པར་ངང་གིས་བསྒུག་ཡོད།

     དམིགས་བསལ་གྱི་མཛེ་མཚམས་དུས་བསྐལ་འདི་ཉིད་ཇི་ལྟར་འཁྱོལ་ལམ། འདིའི་ཐད་དུ་གླིང་ཕྲན་པ་ལིའི་གྲོང་མི་ཚོར་སྔ་ས་ནས་སྲོལ་ཀ་ཞིག་མཆིས་ཏེ། གླིང་ཕྲན་པ་ལིའི་སྲོལ་ཀ་རྙིང་པའི་ལོ་གསར་ལ“འཇགས་སྒོམ་གྱི་ཉིན་མོ”ཞེས་བརྗོད་བཞིན་ཡོད། ཉིན་དེར་གླིང་ཕྲན་པ་ལི་ཧྲིལ་པོ་ལྷིང་འཇགས་སུ་གྱུར་ཏེ། མི་རྣམས་ཁྱིམ་དུ་སྒོང་ཞིང་སྒོར་མི་འབུད་པ་དང་གཏམ་མི་བྱ་བ། གློག་མི་སྒྲོན་པ། ཁ་ཟས་མི་རོལ་བར་འཇགས་སྒོམ་དང་བསམ་སྒོམ་ལ་གཞོལ་དགོས་པས། བར་སྐབས་འདིའི་དུས་བསྐལ་དུ་རང་ཉིད་ཀྱི་ནང་སེམས་ལ་མིག་བཤེར་ཐེངས་གཅིག་དང་ཡིད་ཆེས་ངེས་རྙེད་ཐེངས་གཅིག་ཡོང་བར་སྨོན།


  • ལེ་ཚན་སྔོན་མ།:ཤེས་བྱའི་གཏེར་སྒོ་ཕྱེ་སྟངས་གཞན་ཞིག
  • ལེ་ཚན་རྗེས་མ།:ང་ནི་ཨ་ཕ་ཞིག་ཡིན་། ང་ནི་དགེ་རྒན་ཞིག་ཡིན།