མཚན་ལམ་རིང་མོ།

ཤེལ་དཀར་པོ།        2020-09-14

སེམས་ཀྱི་འདང་གི་ཆུ་མོ་ཕར་ལ་བཞུར།།

མིག་གི་དཔལ་གྱི་འཛུམ་རིས་ཚུར་ལ་གཡོ།།

དྲན་པའི་བཅུད་ཀྱི་མར་ལོའི་ཁུ་ཞག་འཁྱིལ།།

ཆ་མེད་ཚོར་བའི་རླུང་བུ་ཡད་ཡུད་རྒྱུ།།

ལྷིང་འཇགས་ཟས་སུ་ཟ་བའི་ནམ་གུང་ལ།།

སྨག་ཚོགས་གཏིང་ལ་འཕྱོ་བའི་ཚོར་བ་ཞིག།

སྟོན་རླུང་ཆུ་བུར་རྡོལ་བའི་སྦུབ་རྒྱ་ནས།།

ཚེས་རིས་ཟླ་བའི་ཟེར་ལ་འདུན་མ་འཕྲོས།།

ལྷགས་རླུང་མྱ་ངན་མཆེད་པའི་མཚན་ལམ་དུ།།

རྨི་ལམ་ཁམས་ལ་གྱེས་བའི་བར་དོ་ཞིག།

སྒོ་ཁྱིའི་གཅོང་སྐད་འཐོར་བའི་སྔངས་མཐའ་ནས།།

སྐར་མ་འཛུམ་པའི་ཟུར་མིག་སྙིང་ལ་སྡུག།

མཁའ་ཡི་ཕྲ་ལ་བཏབ་པའི་དགུ་ཚིགས་ཀྱི།།

བསིལ་བར་བྱེད་ལ་མཆོག་པའི་ཟླ་བ་ཡི།།

མ་བཅོས་པད་མའི་རང་མདངས་མ་ཡལ་བའི།།

འཛུམ་པ་རང་གྲོལ་དེ་ཡང་སྨག་གིས་ཟོས།།

མུན་པའི་རལ་ཁ་གསིག་པའི་མལ་ཁང་དུ།།

བདེ་སྡུག་གཉིས་ཀྱིས་མནར་བའི་སྣང་བ་ཡིས།།

རྟོག་བཏགས་རི་མོ་འགྱུ་བའི་ཕ་མཐའ་ནས།།

ཁེར་རྐྱང་གདུང་བ་བསལ་བའི་སྙན་ངག་དྲན།།

  • ལེ་ཚན་སྔོན་མ།:ཕྱེ་མ་ལེབ་ཆུང་ཆུང་།
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་དངན་པ།