ཕྱེ་མ་ལེབ་ཆུང་ཆུང་།

ཁྲི་ཟླ་གཞོན།        2020-09-14

ནམ་ཟླ་སླར་ཡང་དབྱར་ཁར་སླེབས་བྱུང་།

མེ་ཏོག་དང་རྩྭ་ལྗང་གིས་མགོ་ལྕོག་ལྡེམ་ལ།

ཁུ་བྱུག་དང་བྱེའུ་ཆུང་གིས་གྲེ་འགྱུར་ངོམས།

བདག་གི་སྙིང་ཉེ་བའི་ཕྱེ་མ་ལེབ་ཆུང་ཆུང་།

ཁྱོད་རང་གང་དུ་ཡོད།

སྔུན་ལོར་ཁྱོད་རང་འགྲུལ་བཞུད་དུ་

ཆས་དུས།

ང་ལ་ཁ་ཆད་བྱས་པའི་དབྱར་གཞུང་དེ་

དྲན་ནམ།

ཐེངས་གང་མང་ཞིག་ལ།

ངས་རྨི་ལམ་དུ།

ང་རང་ཁྱོད་དང་ལྷན་དུ་འཛོམས་ནས།

སྤྲོ་དགའ་ཡི་གར་སྟབས་བསྒྱུར་ཅིང་།

མེ་ཏོག་གི་ཟེའུ་འབྲུ་ལེན་པ་རྨིས་ལ།

ཁྱོད་རང་ངའི་ཕྲག་མགོར་བབས་ཏེ།

ཧ་ཅང་རྒྱང་ཐག་རིང་བའི།

འགྲུལ་བཞུད་ཀྱི་ལམ་སྣེ་དེ་ནས།

དུས་གཏན་དུ་ང་རང་ཁོ་ན།

མགྲོན་དུ་ཕེབས་རྒྱུར་སྒུག་པའི་ཁ་དན་

བྱས་པའང་རྨིས།

ཏག་ཏག་རྨི་ལམ་ལས་སད་པའི་སྐད་ཅིག་

མ་དེར།

ང་ལ་ད་དུང་།

ཁྱོད་རང་གམ་དུ་སླེབས་པའི་འཕྲུལ་སྣང་

སྐྱེས་ཤིང་།

ཆིག་ལབ་དང་སྙིང་གཏམ་རུམ་གང་

སྤུངས་ནས།

ཁྱོད་ཀྱིས་གསན་པར་ཨུ་ཚུགས་བྱས།

བདག་གི་སྙིང་ཉེ་བའི་ཕྱེ་མ་ལེབ་ཆུང་ཆུང་།

ད་ནི་ནམ་ཟླ་དབྱར་ཁར་སླེབས་བྱུང་།

འཆར་གཞིའི་ཁྲོད་ཀྱི།

འུ་གཉིས་མཉམ་དུ་འཛོམ་རྒྱུའི་དུས་

ཆད་ལའང་སླེབས་བྱུང་།

ངའི་ཁྱིམ་ལ་མགྲོན་དུ་ཕེབས་དགོས་པ་དག

སྔ་མོ་ནས་སླེབས་ཤིང་ཁམས་བདེའང་

ཞུས་ཟིན།

ད་ལྟ་ང་ལ་གཅིག་ཆད་པ་ནི།

ཁྱོད་ཁོ་ནའི་ལོགས་ཕེབས་ཡིན་པས།

ངས་མེ་ཏོག་གི་དཀར་ཡོལ་དུ།

གེ་སར་གྱི་ཉིང་བཅུད་བླུགས་ནས།

ཁྱོད་ཁོ་ནའི་ལོགས་ཕེབས་ལ་སྒུག་ཡོད།

བདག་གི་སྙིང་ཉེ་བའི་ཕྱེ་མ་ལེབ་ཆུང་ཆུང་།

ད་ལྟ་ཁྱོད་རང་གང་དུ་ཡོད།

ལ་དང་ལ་མོ་བརྒྱབ་ནས།

ཆུ་དང་གཙང་བོ་བརྒལ་ཏེ།

ཕྱིར་ང་ཡི་གམ་དུ་སླེབས་ཤོག

  • ལེ་ཚན་སྔོན་མ།:སྨེང་བའི་སེམས་གཞས།
  • ལེ་ཚན་རྗེས་མ།:མཚན་ལམ་རིང་མོ།