ཤེས་བྱའི་གཏེར་སྒོ་ཕྱེ་སྟངས་གཞན་ཞིག

ལུག་རྫི།        2020-09-14


ཤེས་བྱའི་གཏེར་སྒོ་ཕྱེ་སྟངས་གཞན་ཞིག་།


སློབ་མ་སོ་སོའི་དགུན་གནང་གི་འཚོ་བ་མི་འདྲ་མོད། རང་རང་གི་འཚོ་བའི་གྲུ་ག་རེ་རེར་སློབ་གྲྭ་ནས་སྦྱོང་མི་ཐུབ་པའི་ཤེས་བྱ་སྣ་མང་སྦྱང་རྒྱུ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད།ང་ལ་ཆ་མཚོན་ན་དགུན་གནང་ནི་ཕྱོགས་གཞན་ཞིག་ནས་ཤེས་བྱའི་གཏེར་སྒོ་ཕྱེ་བའི་གོ་སྐབས་ཤིག་ཏུ་མཐོང་།

དགུན་གནང་དུ་ཕ་ཡུལ་ལ་ལོག་ན་རོང་ས་ནས་གཉའ་ཤིང་དང་།ཐོང་གཤོལ་སོགས་ཀྱིས་མཚོན་པའི་ཞིང་འདེབས་ཀྱི་ཡོ་བྱད་སྐོར་གྱི་མིང་དང་།འབྲོག་ས་ནས་ལ་ག་དང་། སོ་གཉིས།རྒོད་མ་སོགས་ཀྱིས་མཚོན་པའི་ཕྱུགས་ཀྱི་ལོ་ཚད་མི་འདྲ་བར་གཞིགས་ཏེ་བཏགས་པའི་འབོད་སྲོལ་མི་གཅིག་པའི་ཐ་སྙད་མང་བོ་སྦྱང་རྒྱུ་ཡོད་པས། ང་ཚོས་དེ་དག་ངེས་པར་དུ་ཤེས་དགོས།

ང་ནི་རོང་འབྲོག་གཉིས་ཀར་མ་སོང་བར། མཐོ་སྒང་ནས་ལྷམ་ཁ་བསྒྱུར་ཏེ་རྒྱ་ཡུལ་ཏུ་ཕྱིན།དེ་གར་སླེབས་ནས་ལུས་སེམས་གཉིས་ཀར་དཀའ་ཚེགས་ཕྲན་བུ་ཙམ་ལས་མྱོང་མ་དགོས་པར། རླངས་འཁོར་གྱི་ལྷུ་ལག་བཟོ་གྲྭ་ཞིག་ལས་རང་ལ་འཚམ་པའི་ལས་ཀ་ཞིག་རྙེད་ནས།དེ་གར་ཆུ་ཚོད་གཉིས་ལ་གསོ་སྦྱོང་བྱས་ནས་ཕྱི་ཉིན་ལས་ཀར་དངོས་སུ་ཞུགས་ཐུབ་བྱུང།

བཟོ་གྲྭར་ལས་རྒྱུ་ནི་འཕྲུལ་འཁོར་གྱི་ཁ་ལོ་བསྒྱུར་ཏེ་འགྱིག་གི་སྦུ་གུ་ཐོན་སྐྱེད་བྱ་རྒྱུ་ཡིན་ཞིང་། ལས་བཟོ་བ་ཚན་ཆུང་གཉིས་སུ་བཀར་ཏེ་ཐོན་རྫས་ཐོན་སྐྱེད་ཀྱི་གྲངས་ཚད་སྡུར་གྱིན་ཡོད། ཀ་པས་འགྱིག་སྦུག་རྐང་སྟོང་གཅིག་བཟོས་ན་ཁ་པས་དེ་ལས་མང་བ་བཟོ་དགོས་པ་རེད་མ་གཏོགས་ཉུང་ན་གྲངས་ཚད་མ་ལོངས་པས་གླ་ཕོགས་གཅག་རྒྱུ་ཡིན་སྐད།

ལས་བཟོ་བ་ཕལ་ཆེ་བས་ཉི་མ་གང་འཁྱོལ་ཞག་འཕུལ་བྱེད་པ་དང། ལས་མཚམས་མ་བཞག་ཀྱང་གྲངས་ཚད་ལོངས་ན་ངལ་གསོ་བྱེད་རྐྱང་བྱེད་པ་ལས་གཞན་ཅི་ཡང་མི་ལས།ཁོ་ཚོས་ད་དུང་ལས་ཀ་ཧུར་པོ་དག་ལ་སྙིང་ནས་མི་དགའ་བར་མ་ཟད། ཐོན་རྫས་མང་བོ་ག་ཙམ་བཟོས་ཀྱང་ངལ་བའི་རྒྱུ་སྟོང་ལས་རེད་ཅེས་རྟག་པར་རྒྱབ་བཤད་བྱེད་དོ།།

ཟླ་བ་གཅིག་དང་ཕྱེད་ཙམ་ལ་ལས་ཀར་ཞུགས་པའི་བརྒྱུད་རིམ་ཁྲོད་དུ་གཞན་ལ་འབྲེལ་འདྲིས་བྱས་པར་བརྒྱུད།མི་བཅུ་ཁ་ཞིག་ངོ་ཤེས་བྱུང་ལ། དེ་ལས་གསུམ་གྲོགས་པོར་གྱུར།

དེའི་རིང་དུ་སྔ་དྲོ་ང་ལས་ཀར་ཕྱིན་པ་དང་།ཕྱི་དྲོ་མལ་ཁང་དུ་ལོག་རྗེས་སློབ་གྲྭར་ཡོད་པ་ནང་བཞིན་ཁ་ཏོན་དང་དཔེ་ཀློག་ཆག་མེད་དུ་བྱེད་པའི་གོམས་སྲོལ་སྔར་བཞིན་རྒྱུན་བསྐྱངས་པ་ཡིན།དཔེ་ཆ་ནི་བསམ་བློའི་རྒྱགས་ཕྱེ་དང་།ཤེས་བྱ་ནི་ལུས་ཀྱི་ཟུངས་ཁྲག་ལྟར་ཡིན་པས།རང་ལུས་སློབ་གྲྭར་ཡོད་མེད་ལ་མ་བལྟོས་པར་ཡུལ་དུས་གང་དུའང་ཡིད་སེམས་དཔེ་ཆར་འཁོར་རྒྱུ་བརྗེད་མི་ཉན།

ཁ་ཏོན་དང་དཔེ་ཀློག་ནི་ངའི་འཚོ་བའི་ཟློས་གར་ནང་མེད་དུ་མི་རུང་བའི་འཁྲབ་སྟོན་པ་གལ་ཆེན་གཉིས་ཡིན་པས། འདི་གཉིས་ལ་བར་ཆད་བྱུང་ན།ངའི་འཚོ་བའི་དྲོད་ཁོལ་ཡལ་ཞིང་དོན་སྙིང་གིས་སྟོངས་ཏེ།གཅིག་བྱས་ན་མི་ཚེའི་ཁ་ཕྱོགས་ཀྱང་འཕྱུགས་འགྲོ།

  • ལེ་ཚན་སྔོན་མ།:མུན་པ་སེལ་བའི་སྒྲོན་མེ།
  • ལེ་ཚན་རྗེས་མ།:འཇིག་རྟེན་ལེགས་སྨོན་གྱི་གཏམ།