སྒྲོན་མེ།

བསྟན་འཛིན་པད་མ།        2020-09-11

སྣང་བྱེད་མེ་ཟླུམ་གྱི་གཟི་བྱིན་དང་། མར་མེས་སྨག་རུམ་གྱི་མུན་པ་སེལ་ཞིང་།འཇིག་རྟེན་སྣང་བས་ཁྱབ་པར་བྱེད་ཅིང་།སྣོད་བཅུད་ཀྱི་ཚེ་སྲོག་རྒྱུན་ཐག་སྲིང་བར་བྱེད།སྣང་བ་ནི་བདེ་སྐྱིད་ཀྱི་མཚོ་མོ་ཞིག་ཡིན་ལ་སྨག་རུམ་ནི་སྡུག་གི་མེ་དཔུང་ཞིག་ལགས།

སྒྲོན་མེས་མིག་གི་བདེ་བ་སྐྲུན་པ་ཙམ་མ་ཟད་སྒྲོན་མེས་བློ་ཡི་མུན་པ་སེལ་ཞིང་། བློ་རིག་གི་གཤོག་ཟུང་དགུང་གི་དབྱིངས་སུ་ངོམས་པར་བྱེད།བློ་ཡི་མུན་པ་སེལ་བའི་སྒྲོན་མེ་ནི་ཕ་མ་གཉིས་དང་འདྲ་བའི་དགེ་བའི་བཤེས་གཉེན་རྣམས་ཡིན་ཆོག་ལ།ཤེས་རིག་ཡོན་ཏན་གྱི་བདུད་རྩི་དེའང་ཡིན་ཆོག།འོན་ཀྱང་ཤེས་རིག་གི་བདུད་རྩི་དེ།བཤེས་གཉེན་དམ་པས་མ་གཏོགས་སུ་ཞིག་གིས་སྦྱིན་མི་ནུས་པས།དོན་དམ་དུ་འཇིག་རྟེན་ཐོག་ཆེས་རླབས་ཆེ་བའི་སྒྲོན་མེ་ནི་དགེ་བའི་བཤེས་གཉེན་ཁོ་ན་ལས་མ་འདས།

དགེ་རྒན་གྱི་ཤེས་རིག་གསེར་འོད་ཀྱིས་མང་མང་སློབ་མ་ཡོངས་རྨོངས་པའི་རྒྱ་ལས་གྲོལ་བར་བྱེད་ཅིང་།ལོག་ལམ་ལས་འཐེན་པར་བྱེད་པ་ནི་དྲིན་ཅན་ཕ་མས་ཀྱང་མི་ནུས་པས། དགེ་བཤེས་པོ་ཏོ་བས“ཕུ་ཆུ་རྫིང་དང་ས་བརླན་དང་།བ་གླང་མི་ཁྱུ་མི་མཉམ་མཉམ།”ཞེས་གསུངས་པ་ནི་དགེ་རྒན་གྱི་བཀའ་དྲིན་ཆེ་ཚུལ་གསུངས་པའི་ལེགས་བཤད་ཅིག་ཡིན།ངོ་མ་རེད།རྒན་ལགས་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དུས་རྟག་ཏུ་ང་ཚོར་སེམས་ཁུར་དང་།ལྟ་རྟོག་གནང་གི་ཡོད་ལ།རང་ངོས་ཀྱི་ཤེས་རིག་བདུད་རྩིའི་བཅུད་ཀྱིས་ང་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་སྦྱིན་པར་བྱེད།དགེ་རྒན་གྱི་ལས་གནས་ནི་སྤྱི་ཚོགས་ཐོག་ཆེས་གཟི་བརྗིད་ཆེ་ལ། ཆེས་དཀའ་ངལ་ཆེ་བའི་ལས་གནས་ཤིག་ཡིན།དེ་བས་འཛིན་བདག་རྒན་ལགས་ཚོ་ནི་ཉིན་གཅིག་ནང་ལྷོད་ལྷོད་དུ་སྡོད་པའི་ཁོམ་པ་ཧ་ལམ་མེད།ཞོགས་པ་ཆུ་ཚོད་བདུན་པའི་སྔོན་ནས་ལངས་དགོས་པ་དང་།དགོང་མོ་ཆུ་ཚོད་བཅུ་པ་ཙམ་ལ་མ་གཏོགས་ལས་ཐག་མི་ཆོད་པ་ནི་དགེ་རྒན་མ་གཏོགས་ཧ་ལམ་མེད།ཞོགས་པའི་ཞོགས་ཚོགས་ནས་སློབ་ཚན་གྲ་སྒྲིག་དང་།སྦྱང་ཚན་བཟོ་བཅོས།གཙང་སྦྲའི་ལྟ་སྐོར་དང་།དགོང་མོའི་དགོང་ཚོགས་ནས་སློབ་ཕྲུག་ཉལ་ཡོད་མེད་ཀྱི་ལས་བྱ་སོགས་མདོར་ན་ལས་ཀ་གཅིག་གི་རྗེས་ལ་གཅིག་གིས་དེད་ནས་ཚར་རྒྱུ་མེད་པ་ཡོད་པས།ངོ་མ་སྐུ་ལས་ཁག་པོ་རེད།ང་རང་གི་སློབ་སྦྱོང་འཚོ་བའི་དུས་ཡུན་ལོ་བདུན་ཙམ་གྱི་ནང་།ངའི་དགེ་བའི་བཤེས་གཉེན་དུ་མས་དེ་ལྟ་བུའི་སྐུ་ལས་བསྐྱོན་པ་མཐོང་དུས་། ངས་རང་གི་ཕུགས་བསམ་གྱི་ཆེད་དུ་སློབ་སྦྱོང་ལ་འབད་བརྩོན་མ་བྱེད་པའི་རྒྱུ་མཚན་གང་ཡང་ མི་འདུག་སྙམ།

མཚམས་འདིར།ངས་ད་ཐེངས་གནམ་འོག་དགེ་བའི་བཤེས་གཉེན་གྱི་དུས་ཆེན་སླེབས་མཚམས་ལ་ཤེས་བྱ་ཡོན་ཏན་གྱི་སྒྲོན་མེ་བཏེགས་ནས།སློབ་མའི་མ་རིག་པའི་མུན་པ་སེལ་བར་མཛད་མཁན་གྱི།དགེ་བའི་བཤེས་གཉེན་རྣམས་ཀྱི་དུས་ཆེན་ལ་སྤྲོ་པོ་དང་།དུས་རྟག་ཏུ་སྐུ་གཟུགས་གསལ་ཐང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

  • ལེ་ཚན་སྔོན་མ།:རྒན་ལགས།
  • ལེ་ཚན་རྗེས་མ།:མུན་པ་སེལ་བའི་སྒྲོན་མེ།