རྒན་ལགས།

དགུ་པའི་གཉིས་པ། པད་མ་ལྷ་གྲུབ།    མཚོ་སྨད་རྫོང་སློབ་འབྲིང་།    2020-09-09

    ང་ཚོ་ཀྱག་ཀྱོག་གི་ལམ་བུའི་སྟེང་ས་ལ་འགྱེལ་སྐབས་ཁྱེད་རྣམས་ཀྱིས་ཡར་བསླངས་ཤིང་འཇམ་པའི་ཕྱག་གིས་ཁྲིད་པ་དེ་གཅེས་སྐྱོང་ཡིན་ལ་ཤ་ཚའི་ཕྱག་འཇུག་གནང་བ་དེ་ཡང་བྱམས་སྐྱོང་ཡིན།

    དགེ་རྒན་ནི་སྒྲོན་མེ་ཞིག་དང་འདྲ་བར་རང་གི་ཡོད་ཚད་ལེགས་སྐྱེས་སུ་འབུལ་བཞིན་ཤེས་བྱའི་འོད་ཟེར་མི་རྣམས་ལ་ཕངས་མེད་དུ་སྦྱིན་ཞིང་ང་ཚོ་རྨོངས་པའི་མུན་པ་ལས་གྲོལ་ཏེ་འོད་ཟེར་སྟོང་ལྡན་གྱི་ལམ་དུ་འདྲེན་གྱི་ཡོད།རྒན་ལགས་ཁྱེད་རྣམས་ནི་ང་ཚོའི་མི་ཚེ་གཅིག་ནང་བརྗེད་དཀའ་བའི་མི་སྣ་ཞིག་ཡིན།ཁྱེད་རྣམས་སྐད་གྲགས་ཆེ་བའི་མི་སྣ་ཞིག་མ་ཡིན་ཡང་རླབས་ཆེ་བའི་མི་སྣ་ཞིག་ལོས་ཡིན།ཁྱེད་རྣམས་ཀྱིས་དུས་རྒྱུན་དུ་ང་ཚོའི་སློབ་སྦྱོང་དང་འཚོ་བ་གང་ཅིར་ཐུགས་འཁུར་གནང་གི་ཡོད་ལ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ང་ཚོར་སློབ་གསོ་སློབ་ཁྲིད་གནང་གི་ཡོད།དུས་རྟག་ཏུ་ཆ་ལུགས་ཀུན་དང་མཐུན་པ་དང་ཉ་ཆུང་རྩལ་ལ་འཁྱུག་པའི་དཔེ་ལ་བལྟ་དགོས་པའི་སློབ་གསོ་ཡང་གང་མང་གནང་གི་ཡོད།བཤེས་གཉེན་ལགས།ཁྱེད་ཀྱིས་ང་ཚོའི་ཆེད་དུ་ཉིན་ཞག་ཀུན་ཏུ་དཀའ་ངལ་གྲངས་ལས་འདས་པ་བསྐྱོན་ཕོད་པས་ཁྱེད་ཀྱི་ཐུགས་སེམས་ནི་གངས་རི་ལས་དཀར།  ཁྱེད་ཀྱི་སྒྲོན་མེ་ལྟ་བུའི་ཤེས་རིག་གི་འོད་མདངས་དེས་ང་ཚོ་རྨོངས་གཉིད་ལས་སད་དུ་བཅུག་སྟེ་རིན་བྲལ་གྱི་ཤེས་བྱ་ཡོན་ཏན་སྦྱོང་བའི་དུས་ཚོད་དམ་འཛིན་བྱེད་དུ་བཅུག།  ཁྱེད་རྣམས་ནི་ང་ཚོའི་རྨོངས་པའི་མུན་པ་སེལ་བར་མཛད་མཁན་གྱི་སྒྲོན་མེ་ཡིན་ལ་བཀའ་དྲིན་མཚུངས་ཟླ་བྲལ་བའི་ཕ་མ་གཉིས་པ་ཡིན་པ་ཡང་སྨོས་མི་དགོས།



  • ལེ་ཚན་སྔོན་མ།:མངོན་གསལ་གྱི་ནུས་པ། ལྐོག་གྱུར་གྱི་རིན་ཐང་།
  • ལེ་ཚན་རྗེས་མ།:སྒྲོན་མེ།