སྐུར་མ་ཐུབ་པའི་སེམས་འཕྲིན།

རོང་ཕྲུག        2020-08-12

ཁ་བ་གནམ་ནས་བབས་བྱུང་།།

འདབ་མ་སེམས་སུ་ལྷུང་བས།།

ཉི་ཟེར་ཕོག་བསྐལ་བྲལ་རུང་།།

ཆར་ཆུ་མིག་མཐར་འཁྱིལ་སོང་།།

ལ་ལུང་དུ་ཙམ་མང་རུང་།།

དྲན་པ་འགོག་རྒྱུ་མེད་པས།།

སེམས་མི་རྒྱང་དུ་གནས་ཀྱང་།།

སེམས་གཏིང་ལྷ་བཞིན་འཛུམ་བྱུང་།།

ས་རྡུལ་འཚུབ་མ་ནག་པོ།།

སེམས་ལ་འཁྱག་སྣང་མེད་རུང་།།

གྲོགས་མོའི་གཏམ་ལན་མེད་པས།།

སྙིང་ལ་དར་ཁ་འགྲིག་སོང་།།

མ་ཤི་སེམས་པ་འདྲེས་ཤིང་།།

ཤི་ན་རྣམ་ཤེས་འདྲེས་པའི།།

ང་དང་ལས་མཐུན་བུ་མོ།།

རས་དང་ཚོན་བཞིན་འདྲེས་ཡོད།།

ས་རྡུལ་འཚུབ་མས་ལུས་མནར།།

དྲན་པ་རྩུབ་མོས་སེམས་གཙེར།།

ས་མཐའི་ཁེར་རྐྱང་ཡུལ་ན།།

དོན་མེད་གཙེར་མཁན་མང་ངོ་།།

སེམས་མི་ཡུལ་ལ་ལོག་ནས།།

དྲན་པ་ང་ལ་བསྐྱུར་བས།།

ཡ་ཁོག་སྙིང་གློའི་དཀྱིལ་ལ།།

གདུང་བའི་ཆར་རླུང་འཁྲིགས་སོང་།།

རང་ཤག་གྲུ་བཞི་ནང་ནས།།

ཡིད་སེམས་དཔེ་ཐོག་བསྐོར་རུང་།།

སྙིང་སྡུག་རྒྱང་དུ་བཞུད་པས།།

དཔེ་དོན་གོ་རྒྱུ་མི་འདུག།

སྙིང་སྡུག་ལྷ་མོར་འདྲ་བ།།

ཕ་མའི་འགྲམ་ལ་ལོག་སོང་།།

སེམས་གཏམ་གླེང་འདོད་སྐྱེས་རུང་།།

བཤད་སའི་གླགས་སྐབས་མི་འདུག།

དྲན་དང་མི་དྲན་མ་འདྲི།།

དུང་དང་མི་དུང་མ་འདྲི།།

ཕྱི་གཟུགས་སྐམ་པར་བལྟོས་དང་།།

ནང་སེམས་ཅི་ཡིན་ཤེས་ཡོང་།།

༡༠

དྲན་པ་སེམས་ལ་བརྐོས་ཡོད།།

དམ་བཅའ་ལྷ་ལ་བཅོལ་ཡོད།།

ཚེ་ཚད་རྫོགས་པར་གྱུར་རུང་།།

དུང་བ་ཡལ་ས་མ་རེད།།

༡༡

མི་ཚེར་འགྲོགས་པའི་མི་དེ།།

མཛེས་པའི་ལྷ་མོ་མིན་རུང་།།

སེམས་སུ་དུང་བ་ཡོད་ན།།

འགྱོད་དགོས་ཡེ་ནས་མི་འདུག།

༡༢

ཚེ་འགྲོགས་འདོད་པའི་མི་དེ།།

ཆུང་འདྲིས་བྱམས་པ་མིན་རུང་།།

དུང་བའི་སེམས་པ་ཡོད་ན།།

འགྱོད་པ་སྐྱེས་དོན་མེད་དོ།།

༡༣

མཛེས་མས་མདུན་ནས་བསྐོར་རུང་།།

སྙིང་སྡུག་ཡིད་ལ་དྲན་བྱུང་།།

རྒྱང་རིང་ཡུལ་གྱི་སྙིང་སྡུག།

ཉིན་མཚན་གཉིས་ཀྱི་དྲན་ཤིང་།།

༡༤

རྒྱང་རིང་སྙིང་སྡུག་དྲན་ན།།

ཤི་གསོན་གཉིས་ཀྱི་མཚམས་རེད།།

དེ་ཕྱིར་སྙིང་སྡུག་མཛའ་མོ།།

ཤི་གསོན་ཟུང་གི་བདག་རེད།།

༡༥

ཡིད་འོང་སྙིང་སྡུག་མཛའ་མོ།།

མི་མཐོང་རྒྱང་དུ་བཞུད་བས།།

དྲན་པའི་གདུང་བ་རྩུབ་མོ།།

ང་ལ་སྐྱོ་རོགས་བཞག་སོང་།།

༡༦

གངས་ལ་ཁ་བ་ཆགས་ནས།།

བསྐལ་བ་རྫོགས་པ་དྲན་ན།།

ང་རང་ཁྱེད་དང་འགྲོགས་ནས།།

མི་ཚེ་རྫོགས་ན་བསམ་བྱུང་།།

༡༧

བྲིས་པའི་ཡིག་འབྲུ་མང་རུང་།།

དྲན་གདུང་གསང་ཐབས་མི་འདུག།

རྒྱང་དུ་ལུས་པའི་སྙིང་སྡུག།

དྲན་ནས་མིག་ཆུ་འཁྱིལ་སོང་།།

༡༨

ལས་དབང་ཟེར་ན་ཆོག་ལ།།

ལྟས་དབང་བརྗོད་ཀྱང་ཆོག་ཏེ།།

གང་ལྟར་ཁྱེད་དང་འཕྲད་པ།།

ཚེ་སྔོན་བསགས་པའི་ལས་འབྲས།།

༡༩

མཛེས་པའི་ངོ་གདོང་མ་བསམ།།

གཤིས་འཇམ་བལ་དཀར་བསམ་ཡོད།།

རྒྱུ་དང་ནོམ་པ་དྲན་མེད།།

བརྩེ་བའི་སྙིང་གཏམ་དྲན་བྱུང་།།

༢༠

ཁ་བ་འབབ་ན་དྲག་གི།

རླུག་ནག་འཚུབ་ནའང་དྲག་གི།

སྙིང་མི་བྱམས་པ་ཡོད་ན།།

དྲོད་འཛིན་ནོར་མཆོག་ཡིན་ནོ།།

༢༡

སྔོན་གྱི་ལས་འཕྲོད་མེད་ན།།

ཕར་བརྩེ་ཚིག་པའི་ས་བོན།།

ཅི་ལྟར་རེ་སྒུག་བྱེད་ཀྱང་།།

མཇུག་འབྲས་ཉིན་གྱི་སྐར་མ།།

༢༢

སེམས་པ་ཨེ་འདྲིས་དྲན་ནས།།

སྙིང་གཏམ་མཛོད་གང་སྦྱིན་ཡོད།།

ཚེ་གྲོགས་ཨེ་ཡོང་བསམ་ནས།།

རེ་སྒུག་བྱས་ནས་བསྡད་ཡོད།།

༢༣

དགའ་མ་ཁྱེད་ཀྱི་འདོད་བཞིན།།

བུ་ངས་རང་ཚུགས་འཛིན་ཆོག།།

གལ་ཏེ་ལས་འཕྲོ་ཡོད་ན།།

གཞུག་ནས་འཇལ་བའི་སྨོན་ལམ།།

༢༤

བརྩེ་བ་མེད་པའི་མི་དེ།།

རང་དང་རིང་ན་དགའ་རུང་།།

སེམས་ན་ཟུག་པའི་གདུང་བ།།

ཉིན་ནས་ཉིན་རེར་ཇེ་ཆེ།།

༢༥

ཕར་ལ་ལྷ་མོར་སྒོམ་རུང་།།

ཚུར་ལ་འདྲེ་སྲིན་སྒོམ་པས།།

སྙིང་གི་གཏིང་ནས་བཤགས་ཤིང་།།

སེམས་པ་གདུང་བས་མནར་སོང་།།

༢༦

ཚུར་དུང་མེད་པའི་བྱམས་པ།།

ཡོད་དང་མ་ཡོད་མི་འདུག།

སྤྲིན་ནག་རྒྱབ་ཀྱི་ཉི་མ།།

འོད་ཟེར་ཆེ་ཡང་ཅི་ཕན།།

༢༧

མི་ཁའི་རླུང་འཚུབ་རྒོད་འདུག།

སེམས་ཀྱི་དར་ལྕོག་འགུལ་གྱི།།

དྲན་པའི་མི་དེས་བཤད་པ།།

བདེན་པ་ཡིན་ན་སྤྲོ་ཡོང་།།

༢༨

ཆང་གི་བཟི་ཁ་རྒོད་རུང་།།

གྲོགས་ཀྱི་རྩེད་མཚར་སྙན་རུང་།།

རྒྱང་རིང་ཡུལ་གྱི་སྙིང་སྡུག།།

བརྗེད་པའི་དུས་ནི་དཀའ་འོ།།

༢༩

ཉིན་མར་ཉིན་མ་བསྣན་ནས།།

བརྩེ་བའི་དར་དཀར་བསྲེངས་རུང་།།

དུང་ལན་མེད་པར་བལྟས་ན།།

རྡོ་སྐུ་ཡིན་པར་སྣང་བྱུང་།།

༣༠

མི་ཡུལ་ས་མཐའ་ཞིག་ནས།།

དྲན་པའི་གཞས་ཤིག་བསྐུར་ཡོད།།

ཁྱེད་ཀྱིས་གོ་ཐོས་བྱུང་ན།།

གཞས་ལན་བསྐུར་བ་གནང་རོགས།།


  • ལེ་ཚན་སྔོན་མ།:རྟོག་བཏགས་ཀྱི་ཐ་སྙད།
  • ལེ་ཚན་རྗེས་མ།:སྒྱུ་འཕྲུལ་གྱི་སོར་རྩེ།