སྣང་བའི་གར་ཆུང་།

ཁམས་སྨྱུག་གསར།        2020-08-10

ཚོར་བའི་ལོ་ཟླ་འདེད་པའི་མི་རྟག་གིས།།

སྣང་བའི་ཉ་མོ་རྩེན་པའི་གཙང་པོ་རུ།།

དྲན་པའི་གསང་བ་སྦས་པའི་གཏམ་རྒྱུད་དག།

ཡང་ཡང་ཡིད་ཀྱི་མཁའ་རུ་ལན་འགར་འཁོར།།

ལས་ཀྱི་བསིལ་རླུང་འཁྱིལ་བའི་གྲུ་ཁ་ནས།།

ཡིད་མཐུན་ཡིད་ཀྱི་སྤུན་གཅིག་སྙིང་གི་གྲོགས།།

སླར་ཡང་གཟིགས་མོར་བྱུང་བའི་ལྟད་མོ་ལ།།

དུས་གཅིག་མྱོང་བའི་དགའ་སྟོན་བསོད་ནམས་ཆེ།།

མི་རྟག་གཙང་པོ་བཞུར་བའི་ཅོང་བརྡ་ལས།།

འདུ་འབྲལ་སྐྱེ་འཆིའི་སྣང་བ་རྩེན་པའི་གར།།

རྣམ་པར་མཐོང་པའི་སྙིང་སྡུག་མཛའ་ན་མོའི།།

གཡོ་མེད་མིག་གི་ཟུར་མདའ་བདག་གིས་རྟོགས།།

འཚོ་བའི་མེ་ཏོག་བྲིས་པའི་འཁོར་བའི་རིར།།

སྣང་བའི་རིགས་དྭགས་འཁྲེང་བའི་ངང་ཚུལ་གྱིས།།

ལས་ཀྱི་སྒོ་དར་བསྐྱོད་པའི་ལྷས་འདབས་ནས།།

གྲོགས་དག་འཕྲད་པའི་སྐལ་བཟང་སྙིང་དུ་སྡུག།

མ་ཕྲད་ཡུན་རིང་འདས་པའི་ལོ་ཟླ་དག།

མ་གིའི་རི་གྲོང་འགྲིམ་པའི་བག་ཡངས་ཀྱིས།།

མ་རབས་འཁྱམས་པོའི་ཚུལ་གྱིས་རྫོགས་པ་དེས།།

མ་བརྟགས་སྒྱུ་མའི་ཕོ་བྲང་སེམས་སུ་བཞེངས།།

ཉི་མ་ཤར་ནས་ནུབ་རིར་བརྒལ་བ་དང་།།

གཙང་པོ་སྟོད་ནས་སྨད་དུ་བཞུར་བའི་ཚུལ།།

མ་བཅོས་དངོས་པོ་ཀུན་གྱི་གཤིས་ལུགས་ལ།།

བདག་གིས་སྡང་སེམས་བགྲད་པས་ཅི་ལ་ཕན།།

ལས་ཀྱིས་དེད་པའི་སེམས་ཀྱི་ཤིང་གྲུ་དེ།།

ཀུན་རྟོག་ར་རིའི་རྨི་ལམ་རྒོད་པའི་རྩེར།།

མི་རྟག་གར་གྱིས་དབང་མེད་ཡོམ་པ་ན།།

མི་འདོད་ལས་ཀྱི་བཀའ་ཡིག་སུ་ཡིས་བཟློག།

དར་མའི་ལང་ཚོ་དུས་ཀྱིས་རྒུད་པའི་ཚེ།།

སེམས་ཀྱི་མཚོ་ཁར་དྲན་པའི་བྱ་ཁྱུ་འཁོར།།

དེའི་ཚེ་ཚིག་གི་ཀུ་མུད་བཞད་པ་ཡིས།།

སྙིང་གི་གཏམ་ཞིག་དྲན་པའི་རྟེན་དུ་བཞེངས།།

སྙན་ངག་དྲི་ཟའི་གླིང་བུ་འབུད་པའི་དབྱངས།།

སྲིད་གསུམ་དགྱེས་པའི་གར་དུ་བསྒྱུར་ལགས་ན།།

རི་སུལ་སྨིག་རྒྱུའི་སྐྲ་ལོ་གསེད་པའི་རྩེར།།

བདག་གི་མི་ཚེའི་སྙིང་པོ་རྫོགས་པར་ཤོག།

  • ལེ་ཚན་སྔོན་མ།:མི་ཡུལ་འཁྱམས་པོའི་རྒྱང་གླུ།
  • ལེ་ཚན་རྗེས་མ།:རྟོག་བཏགས་ཀྱི་ཐ་སྙད།