ཐང་འཁོར་སྒྲོལ་མ་སྐྱབས།(ཀན་སུའུ་དགེ་འོས་སློབ་ཆེན) 2017-09-06
ཁྱུར་མིད་དུ་བྱས་པའི་ང་ཚོ།
འདས་པའི་ཁ་སང་བོས་པས་མ་བཟློག་རྒྱང་དུ་ཤོར།།
དེ་རིང་དུས་ཡང་གཅེས་པར་མ་བཟུང་སྙོམས་པོར་བཞག།
སང་ཉིན་དུས་ལ་ཅི་ཞིག་བསྒྲུབ་མིན་བློས་མ་དཔོག།།
ཕྱོགས་དུས་གང་ལ་དྲན་འཆར་མེད་ལ་སྐྱོ་བའི་གཞི།།
ཁོམ་པའི་དུས་གང་དོན་ཡོད་བགྱིད་པའི་འཇོན་ཐང་མེད།།
མཁས་པའི་གསུང་ལ་འདོད་འདུན་དྲག་པོས་མཇལ་སྲོལ་མེད།།
བསླབ་པའི་གནས་ལ་ཞིབ་མོས་དཔྱོད་པའི་སྙིང་རུས་མེད།།
ལྷག་པའི་གནས་ལ་སྦྱངས་བརྩོན་ཟབ་མོའི་བརྩོན་འགྲུས་མེད།།
མྱུར་མོའི་དུས་ལ་དོན་གྱིས་འཇལ་བའི་ཧུར་སེམས་མེད།།
དཀོན་པའི་ལུས་ལ་སྙིང་བོའི་ལས་ཀྱི་འཇུག་སྒོ་མེད།།
དྲིན་ཆེན་གནས་ལ་དྲིན་དུ་གོ་བའི་གུས་ནི་མེད།།
གཉོམ་པོའི་ཚོགས་ལ་བྱམས་ཀྱིས་བསྟུན་པའི་བློ་ཁོག་མེད།།
སྐད་དང་ཡི་གེའི་གནས་བབ་ཕྲ་མོར་གདུང་སེམས་མེད།།
རིགས་དང་སྤུན་ཟླར་མཐུན་པའི་ལག་རྡང་སྦྲེལ་ཚུལ་མེད།།
སྲོལ་དང་གོམས་གཤིས་ཉེ་བར་བསྒོ་བའི་ལ་རྒྱ་མེད།།
ཤ་དང་རུས་པ་རྒྱན་གྱིས་འདོགས་པའི་འདུ་ཤེས་མེད།།
ཕ་ཁྱིམ་སྨུག་པོར་བདག་པོ་རྒྱག་པའི་འཇོན་ནུས་མེད།།
ཕ་ས་གོར་མོ་བདག་གིར་སྲུང་བའི་དཔའ་ངར་མེད།།
རུ་དང་ཚོ་བའི་གཞུང་དོན་ཟེར་བའི་ལྷག་བསམ་མེད།།
གཏམ་དང་སྨྲ་ལྕེས་དོན་མགོ་སྐྱོང་བའི་མཁས་ཚུལ་མེད།།
བྱས་པའི་ལས་དག་ལོག་པར་གྱུར་ཡང་འགྱོད་གདུང་མེད།།
འབྱུང་འགྱུར་དོན་ལ་ཐབས་དང་ཤེས་རབ་སྔོན་འཆར་མེད།།
དེ་རིང་ཉིན་ལ་སྙིང་བོའི་ལས་ཀྱི་རིན་ཐང་མེད།།
ཤར་ནས་ཤར་ཞིང་ནུབ་ནས་ནུབ་ན་འགྲུབ་ནི་ཡིན།།
ཅ་ཅོའི་གནས་ནས་ལྷིང་འཇགས་སྤྲོ་བའི་གདམ་ཀ་མེད།།
མང་བོའི་དབུས་ནས་འུད་ཀྱིས་འདས་ན་འདས་ནི་ཡིན།།
ལོག་པའི་གཡང་ནས་དྲང་ལམ་འགྲོ་བའི་སད་རྟོགས་མེད།།
ག་དུས་ཕུང་ན་དེ་ཡང་ལས་ཡིན་གཞན་གྱི་མཐུ།།
དཀར་བོའི་ལམ་ཞིག་བསྟན་པས་མ་ཕན་ནག་པོར་འཇུ།།
ཤ་ཚའི་གཏམ་ཞིག་བསྙད་པས་མ་བྲིན་གཡང་སུ་མཆོངས།།
མི་ཚེ་ཐུང་ཐུང་དོན་གྱིས་མ་ཟིན་རྒས་ནས་ཚར།།
འགྱོད་པའི་སེམས་ཤིག་དེ་དུས་འཁྲུངས་ཡང་གང་ནས་ཕན།།
མེད་ཀྱང་ཆོག་པའི་འུ་ཚོ།
ཐོག་མར་རང་བཞིན་གཤའ་མ་ཡིན་མིན་ལ།།
དེ་རུ་སྐྱེས་པའི་མི་ལ་འདྲི་ལགས་སམ།།
མེད་ཕྱིར་རིག་པས་དཔག་ན་རྙེད་ནུས་ཀྱི།།
ངེས་འཇོག་གཏན་ཚིགས་ཁྱོད་ཀྱང་མི་བཏུབ་བོ།།
སྣ་ཚོགས་སྲིད་པའི་ཚོས་མདོག་འདྲ་མིན་ལ།།
རེ་རེའི་ངག་ལ་གནས་ལུགས་བརྗོད་མཁས་ཀྱི།།
རྩ་བ་བཅད་ནས་འདི་ནས་གན་འགྱུར་སོགས།།
ཡོངས་སུ་དང་ནི་བརྩོད་ལ་འདོག་མི་གཤིས།།
འུ་ཚོ་རང་ལ་རང་ངོ་མི་འཕྲོད་བཞིན།།
གློ་དང་མཆིན་པའི་ཁྲག་ཐིགས་དྲོན་མོ་ལས།།
གསོན་ལ་གསོན་དང་ཤི་ལ་ཤི་རིན་གྱི།།
སེམས་ཤིག་འཁྲུངས་རྒྱུ་མེད་པ་དེ་བས་སྐྱོ།།
སྐྱེས་མ་ཐག་ནས་ཤི་ན་ཡིད་ཕངས་མོད།།
ཁྱོད་ཀྱི་སྲོག་དང་ང་ཡི་ཚེ་ཡིས་ནི།།
སྲོག་གི་ཕྱིར་དུ་སྲོག་ཙམ་འཚོ་བ་ལས།།
རང་ལ་བོས་ནས་གཞན་དག་བཙལ་བས་སྐྱོ།།
ངག་གིས་ལབ་ཚེ་སུ་ཡང་བདེན་བདེན་གྱི།།
དོན་དུ་རང་ལ་གྲིབ་མ་མེད་པ་དང་།།
སོང་ན་ཤུལ་མེད་རང་ཁ་མི་རྙེད་པའི།།
ལོང་བའི་ཚོགས་ལ་ཡག་བཙོག་ཡོད་རེ་སྐན།།
ས་ཡི་བཅུད་དག་བྲུས་ནས་འཚོ་བ་དང་།།
མི་མཁོ་སྙིགས་རོའི་ཕུང་བོ་སྤུངས་བ་ལས།།
ཡོད་ན་དེས་ཆོག་མེད་ཀྱང་དགའ་དགའ་ཡི།།
འུ་ཚོའི་སྲོག་ལ་དོན་ཞིག་མི་འདུག་གོ།
གཞན་སྲོག་བཅད་ནས་སྙིང་རྗེ་ཡོད་ཁུལ་དང་།།
གཞན་མགོ་བསླུས་ནས་རྒྱུ་འབྲས་ཡོད་ཁུལ་སོགས།།
བདུད་ཀྱི་གཤིས་ལ་ཁ་ཡོད་ལག་ཡོད་ཀྱི།།
འདི་བ་ཚང་ལ་སྲུང་མ་མ་ཡོད་ཐལ།།
རང་སྣང་འུར་བའི་གཏམ།
གང་ཞིག་རྒྱས་པར་བསྒོ་བ་ཡི།།
བདེན་པ་དེ་ལ་ཕྱག་འཚལ་ནས།།
གང་དག་བརྗོད་ཡུལ་གནས་གྱུར་ཕྱིར།།
དེ་ལ་དེ་ལུགས་སྤྲོ་བར་བྱ།།
གནས་ལུགས་ཨེན་ཙམ་འཆིང་འདོད་ལ།།
མི་མོས་ལོག་པའི་ཁ་མིག་དང་།།
མངོན་པར་རྒོལ་སོགས་གང་གྱུར་ཡང་།།
ཁོ་བོའི་ས་པར་འཇིགས་བྱ་མིན།།
མི་ཤེས་བློ་ཡི་འོལ་ཚོད་དང་།།
ཤེས་བཞིན་དོན་ལ་འཁྱོག་བརྗོད་སོགས།།
རང་གི་ཕན་དགེ་སྐྱོར་འཛིན་གྱི།།
ཁ་དང་ལག་པ་མི་གཙང་ངོ་།།
རང་བཞིན་བརྗོད་ལ་མི་དགའ་ཞིང་།།
མངོན་པར་རྒོལ་བ་མི་འཐད་པའི།།
བསྟོད་ཚིག་འབའ་ཞིག་མཆོད་འགྱུར་གྱི།།
སྦྱིན་པའི་ཚུལ་ཡང་ངས་མི་འཛིན།།
མི་ཆུང་ལོ་ཡིས་ཕྱེད་ཐུབ་དང་།།
མི་དམའ་རིག་པའི་མཐོ་རྟགས་འཛིན།།
མི་རིགས་དང་ནི་མི་ཆུང་ལས།།
མི་འཇོན་པ་ཡི་མི་དག་སྐྱོ།།
སློབ་ཆེན་ཞེས་བྱའི་ཁང་བཟང་ན།།
སློབ་པའི་ངལ་བ་མི་བསྟེན་ཞིང་།།
སློབ་ཡོན་ཙམ་ཡང་མི་འཇོན་པའི།།
སློབ་མའི་སྡེ་ལ་བསམ་བཞིན་སྐྱོ།།
ཆེན་པོའི་མིང་གི་བཏགས་ཙམ་ལ།།
དོན་གྱིས་སྟོང་བའི་ཚུལ་ཤེས་པས།།
ཐ་ཆད་རང་འདྲའི་རིགས་དག་ལ།།
ཞེ་སྡང་སློང་བའི་གཟེར་ཞིག་སློང་།།
སྟག་ཚུགས་དཔའ་བོ་ཁྱོད་ཀྱང་འདོད།།
སྙིང་ཆུང་ཝ་མོའི་གར་ཡང་འཁྲབ།།
མཐོ་ལ་རྔ་མ་རིལ་རིལ་དང་།།
དམན་ལ་འགྱིང་ཉམས་དོད་པོ་སྟོན།།
ཚོན་བྲིས་ཁ་དོག་མཚར་མཚར་ཡང་།།
ཁོག་གི་ནང་ཁྲོལ་རུལ་དྲིས་སྦགས།།
ཤེས་འཇོན་ཅི་ཡང་མེད་བཞིན་དུ།།
ཆེན་པོའི་རྔ་ཆེན་རྡུང་བ་མཚང་།།
བརྡ་སྤྲོད་ཙམ་ཡང་མི་འཁྱོང་བའི།།
རིག་སྨྲ་དག་ལ་རྨད་དུ་བསྟོད།།
དོན་ལ་སྟོང་བའི་ལུང་སྒྲུབ་དང་།།
ཡོད་པས་ཡིན་སོགས་རིགས་པ་དང་།།
མ་མཐོང་བས་ན་མེད་ཚུལ་སོགས།།
འུག་པས་ཉི་མ་མེད་ཚུལ་དང་།།
ལོང་བས་མུན་པ་མེད་མདོག་སོགས།།
ཇི་སྙེད་གནས་ལ་མཁས་མདོག་གི།
བྱིས་པའི་བབ་ཅོལ་སུ་ཡིས་བསྟེན།།
དོན་མེད་ལས་ལ་རྣམ་གྲངས་དང་།།
མི་འབྱོར་གནས་ལ་གསུང་ཚིག་སོགས།།
གང་ལ་གང་བདེ་མི་རྟོགས་པར།།
བྱུང་བརྒྱལ་སྨྲ་བ་མི་ཤེས་རྟགས།།
རིགས་པས་མཁྱེན་ལྡན་ཁྱོད་མིན་ཞིང་།།
ངག་སྐྱོར་བློ་འཛིན་ལ་ཡང་རྟུལ།།
བཤུ་དང་བརྐུ་ལ་རབ་གྲུང་བའི།།
བློ་ལྡན་ཁྱོད་འདྲ་སྣོད་རུང་མིན།།
འདས་ཟིན་དག་ལས་བསླབ་བྱ་དང་།།
དེ་རིང་དུས་ལ་དོན་གཉེར་དང་།།
སང་གི་དོན་ལ་འཆར་བཀོད་སོགས།།
ཅི་ཡང་མི་སྤྲོ་བ་འདི་སྨད།།
ཕྱོགས་མེད་རྟུལ་བོའི་རྗེས་འབྲངས་དང་།།
བླུན་པོའི་ཀུ་ཅོ་འདོན་པ་སོགས།།
མི་མེད་ལུང་ལ་ཀི་རིང་ལྟར།།
རྨོངས་བ་བསྟེན་ལ་དོན་སྨྲ་སུ།།
གཞན་ཡང་རིག་པའི་ཕྱོགས་ཆ་ཙམ།།
དགའ་འདོད་སྤྲོ་ལ་ཡུས་བྱས་ཏེ།།
ཉ་ཉོག་རྩོམ་ཡིག་འབྲི་བ་དང་།།
དོན་ལ་ཅི་ཡང་མིན་པ་ཡི།།
ཚུལ་ལ་འབྲས་བུའི་ཕྱོགས་མི་འགྲོ།
འཐད་ལྡན་ཉེ་གནས་ལྷ་རུ་དང་།།
མི་སྤྲོ་གང་ལ་ལོག་སྨྲ་སོགས།།
ཆགས་སྡང་ཙམ་གྱི་དབང་གྱུར་བའི།།
ལུང་སྒྲུབ་རིགས་ལ་ཚད་མི་འཛིན།།
འདི་འདྲའི་བློ་ལྡན་ཁྲེལ་བའི་གཞི།།
བགྲངས་ན་རང་གི་ངལ་ལས་ཅི།།
ཕྱོགས་ཤས་ཙམ་གྱིས་ཉེར་མཚོན་ཏེ།།
དེ་བཞིན་གོ་ལ་ཤེས་པར་གྱིས།།
ཕྱི་ཡིས་ཐོས་ན་འཕྱ་ཡུལ་དང་།།
རང་ཡང་རང་ལ་ཁྲེལ་བའི་གནས།།
འུ་ཚོའི་རིགས་པ་འཛིན་སྟངས་དང་།།
དོན་གྱི་ང་རྒྱལ་སྒྲོག་ལུགས་ལ།།
ཆེན་པོའི་མགོ་བརྗོད་རྩོམ་ཚུལ་སོགས།།
མི་ནུས་བཞིན་དུ་བྱེད་པ་མཚང་།།
རང་བློ་སད་པའི་བག་ཆགས་དང་།།
སྐལ་བཟང་དུས་ཀྱི་དངོས་གྲུབ་སོགས།།
ལྡན་ཡུལ་རང་ཡང་མ་ཡིན་པས།།
ཡུལ་དུས་ལ་སོགས་འཕྲེད་གཞུང་ནས།།
བསམས་ཏེ་སྒྲུབ་པ་ཀུན་གྱི་མཆོག།
ཞིབ་པར་གླེང་བའི་ནུས་དང་ཤེས།།
རང་ལ་མེད་བཞིན་སྐྱོ་སྐྱོ་ཡང་།།
མི་སྨྲ་སྒམ་པོའི་ཀུན་བཟོད་དང་།།
སྨྲས་ཀྱང་རི་བོང་རྭ་ཡི་དཔེ།།
སྤྲོ་ཡུལ་མིན་ལ་དེ་ཚུལ་གྱིས།།
གང་ཞིག་བརྗོད་པ་དགེ་གྱུར་ཅིག།
རྩོམ་གསར། 10