འགྲོ་ཁ་མའི་ཕྱིར་མིག

གངས་ཟེགས།        2020-07-16

    གསེར་མདོག་ཉི་མའི་ངོ་གདོང་ལ་འཁུ་བའི། དགོང་ས་སྲོད་ཀྱིས་གྲིབ་ཆེན་དལ་གྱིས་བཀོད་དུས། ཞེ་འདང་གི་མཚོ་ཆེན་གྱི་རླབས་རྩེ་ཤུགས་ཀྱིས་འཕྱོ་བར་འགྱུར། དོ་ནུབ་ཀྱི་མཚན་མོ་ནི་སེམས་ཀྱི་རྨི་ལམ་དུ་བསྙལ་ཆོག་པའི་ཁྱོད་དང་ང་ཡི་མི་ལོ་དུ་མར་བཞད་པའི་དུས་ཚོད་ཀྱི་མཛེས་སྡུག་ཡིན། དོ་ནུབ་ང་ཡིས་སེམས་ཀྱི་ལག་པ་རྒྱང་དུ་སྲིང་ཞོར། དུང་ཞེན་གྱི་རོལ་དབྱངས་ཁ་བ་ལྟར་ཁྱེད་ཀྱི་ཕྱོགས་ལ་སྤུར། དེ་ནི་ཁྱོད་རང་སང་ཉིན་སྐྱ་རེངས་ཀྱི་དུས་སུ་འགྲོ་དགོས་པའི་སྟབས་མ་ཡིན་ནམ། ཁྱེད་ཀྱི་ཕྱི་མིག་གི་སྐྱོ་གདུང་ཡང་དགོང་ཕྱི་དྲོའི་འཇག་མའི་སྨྲེང་གླུ་ལ་བསྟིམས།

    སྙིང་ཉེ་བའི་ཁྱེད་ཀྱི་དོ་ནུབ་ཤུགས་རིང་ཞིག་གིས། ཕ་ཡུལ་གྱི་ས་སྲོད་ལ་འཛུམ་པའི་མཚམས་སྤྲིན་གྱི་ཞལ་རས་བསྒྲིབ་པར་བྱེད། ཤུལ་དུ་ལུས་པའི་གྲང་ཤུར་ཤུར་གྱི་ང་ཡི་སེམས་པ་དཔྱིད་མགོའི་ཆུ་རྒྱུན་ལྟར། ངལ་དུབ་ཀྱི་ལེ་དབར་རིང་མོའི་ཕ་རོལ་ནས་ངས་ཡོད་ཚད་གཞི་ནས་འཚོལ་བཞིན། བདེ་མོ་ལན་གཅིག་བཞག་པའི་མིག་ཟུང་གི་ཁྲོད་ནས། ཁྱེད་དང་ང་ཡི་ཞེ་འདང་གིས་བསྐྱངས་པའི་འདས་ཟིན་པའི་ལོ་ཟླའི་ཕྲེང་ལམ་ལ། དོ་ནུབ་སེམས་ཀྱི་རྨི་ལམ་གཙང་མས་ཟླ་འོད་ཀྱི་གྲུ་ཁ་ནས་ཡུན་གཅིག་རོལ། དོ་ནུབ་དྲན་པའི་གཟེབ་ལ་ཚུད་པའི་ང་ཡི་ཚངས་མགུར་རིང་མོ་ཡང་གསལ་གྱིས་ལེར་རང་ཉིད་ཀྱི་སེམས་ལ་སྒྲོན་ཡོད།

    དོ་ནུབ་ངས་སྨུག་སྤྲིན་གྱིས་མཁྲིས་སུ་སྐོར་བའི་རི་བོ་གངས་དཀར་གྱི་མཚར་སྡུག་དྲན་ཡོང་ལ། བརྩེ་བའི་དབྱངས་རྟར་བརྒྱུས་པའི་དར་རྩེ་མདོ་ཡི་མཛའ་གཞས་རིང་མོའང་ཁད་ཀྱིས་དྲན་ཡོང་། དོ་ནུབ་རི་གྲོང་འདིས་ངའི་སེམས་ཀྱི་བཞུར་སྒྲ་བརྩེ་ཞེན་གྱི་མེ་ལྕེ་ལ་འཐིམ་ཡོད། སྙིང་ཉེ་བའི་ཕྱིར་མིག་ལགས། ལྷིང་འཇགས་ཀྱི་ས་སྲོད་ལ་འཁྲི་བའི་ངས་ཁྱེད་ཀྱི་ཡིད་འོང་གི་ཕྱིར་མིག་འཚོལ་བཞིན་མཆིས། དཔྱིད་རླུང་གིས་བསྐྱོད་པའི་ལྗོན་ཤིང་གི་རྩེ་ནས་ངས་ཁྱེད་ཀྱི་ཞེ་འདང་གི་རྨི་ལམ་འཚོལ་བཞིན་ཡོད། ཁྱེད་ཀྱིས་དོ་ནུབ་དཀར་འཇམ་གྱི་ཟླ་བའི་ངོས་སུ་ལས་དབང་གིས་གྱེས་གདུང་ཅི་ཙམ་བྲིས་ལགས།

      ནུབ་ཁའི་རི་ལུང་ཡོད་ཚད་སྐྱོ་ཉམས་ཀྱིས་ཁེངས་ཤིང་། གསེར་མདོག་ཉི་མས་མིག་ཟུང་ལྷོད་ཀྱིས་གཟིམས་ཏེ། ཞེ་སྨྲེང་བའི་གཞས་ཤིག་མཚམས་སྤྲིན་གྱི་མདངས་ལ་བསྡེབས་ཏེ་རེ་ཞིག་ཕག་ལ་ཡིབ་པ་འདྲ། དོ་ནུབ་དྲན་འཛིན་གྱི་ངོས་སུ་འཐོར་བའི་ཤེལ་དཀར་གྱི་མཆི་མའི་རིལ་བུ་དག་རྒྱང་རིང་གི་གནམ་སའི་མཚམས་ཀྱི་སྐར་མར་འགྲན་ཏེ། ཕྲེང་བསྟར་བརྒྱུས་ཏེ་འདས་སོང་གི་རྨི་ལམ་གྱི་ཚན་ཁ་ནས་བཞུར་གྱིན་མཆིས། ད་དུང་ཁྱེད་ཀྱིས་ངའི་གདུང་སེམས་ཀྱི་རྩེ་ལ་སྦར་བའི་གྱེས་མཚམས་ཀྱི་ཞལ་ངོ་དེ་པོ་ཏ་ལའི་མཆོད་མེ་ལྟར་འབར་གྱིན་ཡོད།

དལ་མོར་ཕྱིར་ལ་འཁོར་བའི་གོམ་འགྲོས་ཀྱི་མཚམས་ནས། བརྗོད་ཀྱང་མི་ཚར་བའི་གཏམ་རྒྱུད་རིང་མོ་དེས། འུ་གཉིས་ཀྱི་འོ་ཆུ་ལྟར་འདྲེས་པའི་སེམས་གཞིས་དྲོད་མོ་དེ་ལེ་དབར་ཁྲི་སྟོང་ལ་བཙན་གྱིས་ཕྱེས་སོང་། འཇམ་མཉེན་གྱི་སྙིང་ཆུང་ལེབ་མོའི་ལྡིང་མཚམས་རེ་ལ་སྐྱོ་གདུང་གི་མཚོ་ཆེན་རླབས་ཀྱིས་གཡོ་བས། ངའི་ཕྱིར་ལ་བསྙེག་པའི་འགྲོ་ལམ་སྐྱ་མོ་དེ་མག་མོག་གི་ཆར་སྤྲིན་གྱིས་བསྒྲིབས་པར་བྱས། གསལ་ལ་མི་གསལ་བའི་སྲང་ལམ་གྱི་གློག་གི་འཇིག་རྟེན་སྐད་ཅིག་ཉིད་ནས་མགོ་བོ་དུད། དོ་ནུབ་འདིར་ཡོད་ཚད་ཡོམ་ཡོམ་གྱིས་ཞུམ་པས་མྱ་ངན་ཐང་དུ་འགྱུར།

རེ་ཞིག་འཇིག་རྟེན་གཟིམས་སོང་བ་ལྟ་བུའི་ལྷིང་འཇགས་དེའི་ཁྲོད་ནས། ངའི་ཡིད་མུག་པའི་ན་བུན་གྱི་གསེབ་ཏུ་རང་ཉིད་ལ་བསྩལ་བའི་སྤོབས་སེམས་ཀྱིས། སླར་ཡང་ཁྲ་ཆིལ་ཆིལ་གྱི་མི་ཡུལ་ལ་ཤེད་ཀྱིས་བལྟས་ཏེ། འདས་སོང་གི་རྨི་ལམ་གྱི་རྒྱབ་གཟུགས་ལས་སད་ན་འདོད་ཨང་། དྲན་འཛིན་གྱི་མེ་ལོང་དུ་འཛུལ་ཡོང་བའི་ཞེ་འདང་གི་འོ་སྤྲི་ལྟར་ཁྱོད་ཀྱི་མཚར་སྡུག་གིས་བསྐྲུན་པའི་སྙིང་ཉེ་བའི་གཏམ་རྒྱུད་ཡོད་ཚད་ལྷོད་ཀྱིས་འཆར་། སྙན་ངག་གི་རྣམ་ཤེས་ལ་འདྲེས་པའི་འཁྲེང་ཞེན་གྱི་དབྱངས་རྟ་གསོན་པོ་ཁད་ཀྱིས་གྲགས། སྙིང་གི་རྨུ་ཐག་ལ་འཇུས་པའི་ལག་ཟུང་འཇམ་པོས་ང་ལ་བདེ་མོ་བཞག་སོང་།


  • ལེ་ཚན་སྔོན་མ།:སྐྱེ་འཆིའི་ཟློས་གར།
  • ལེ་ཚན་རྗེས་མ།:ང་དང་སྙན་ངག་གི་བར་ཐག