མགོ་བོ་འཁྱོགས་ནས་ཚེ་འབར་གྱི་མེ་ལྕེ་སྦོར་དང་།

        2020-06-19

རྡུལ་འཚུབ་ཅིག་གིས།

འབྱུང་བཞིའི་ལྒང་བུ་སྤུར་ཞིང་།

གསོན་སྐད་ཀྱི་གྲེ་བ་ནད་ཀྱིས་ཟིན་པའི་

ཟིན་ཐོ།

སྨག་ནག་ནང་དུ། ངོ་གདོང་མི་

མཐོང་བའི་ལག་པ་དེས།

གསོན་ངོགས་ན་འབོད་ཅིང་རེ་བའི་ལོ་

རྒྱུས་ཤིག

མི་ལོ་ཁ་ཤས་འདས་ཀྱང་།

འུ་གཉིས་རིགས་རྒྱུད་ཀྱི་མཆེད་ཁོང་

གཅིག་པས།

འུ་གཉིས་རུས་རྐང་གི་ན་ཟུག་གཅིག་པས།

ངས་ཚེ་འབར་བཏེགས་ཏེ་ཞིང་ཁམས་

ཀྱི་ལམ་ཀ་བསལ་ཆོག

ས་ཁམས་འཁྲུགས་པའི་ཟིན་ཐོ་ནག་པོ།

དཔེ་ལྟོས་ཤིག་དང་སྙན་ངག་ཅིག་གིས་

མི་མཚོན་པའི་སྡུག་བསྔལ་དེ

ང་དང་ཁྱོད། ཁྱོད་དང་མི་རིགས་ཀྱི་

མ་ཎིའི་མགུར་རྟ་ལ་དྲངས་ཤིང་།

འོད་ལྷེམ་ལྷེམ་དུ་འབར་བའི་སྲིད་པའི་

མར་མེ་ཡིས་བསྐྱལ།

སྙིང་རུས་ལས་མ་བོར་བའི་ངུ་སྐད་སྐྱ་མོ།

དགེ་འདུན་པ་གྲངས་མེད་ཅིག་དང་།

སློག་པ་གྱོན་པའི་སྙིང་ཕུར་ཅན་ཚོས་

ཡིད་གཏིང་ལ་སྦས་ཏེ།

ཁྱེད་ཀྱི་རྗེས་སུ་སྨོན་ལམ་དང་ར་མདའ་

སྦྲན་གྱིན་ཡོད་ལ།

ཁྱེད་ཀྱི་རྗེས་སུ་མཉམ་ཤུགས་ཀྱིས་

གདུང་སེམས་ཞུ་ཡི་འདུག

བཤད་འཕྲོར་ལུས་པའི་བརྩེ་ཞེན་གྱི་

གསང་བ་དང་།

བསྒྲུབ་འཕྲོར་ལུས་པའི་དམ་ཆོས་ཀྱི་

ཚོགས་བསགས་དག

ཁྱེད་ཀྱི་རྗེས་སུ་སེར་ལམ་ལམ་གྱི་དགེ་

འདུན་པས་སྒྲུབ་ཀྱིན་འདུག་ལ།

ཁྱེད་ཀྱི་རྗེས་སུ་སེམས་དཀར་དཀར་གྱི་

བོད་པ་ཚོས་འཆད་ཀྱིན་འདུག

ཡ་ཁོག་ལ་མ་བྲིས་པའི་མ་བསུབ་པའི་

ཡུལ་ཤུལ།

ཟས་རྩམ་མཉམ་དུ་བཟས་ཤིང་།

ཀ་ཁ་མཉམ་དུ་སྦྱོང་བའི་བོད།

ས་སྒང་གི་འགྲེ་ལོག་ཐེངས་གཅིག་གིས་

ཁྱེད་རང་ཕམ་པར་མི་གྱུར་ཏེ།

ཁྱེད་ནི་བཙན་པོའི་རྨོག་དཀར་ཀྱི་འདབ་ར།

ཁྲག་དཀར་ཀྱི་རྒྱུན་ཐག་ཡིན་པས།

ཁྱེད་ཀྱི་མགོ་བོ་འཁྱོགས་ནས་ཚེ་འབར་གྱི་

མེ་ལྕེ་སྦོར་དང་།

ད་དུང་སྡུག་མུན་ལས་རྒྱལ་བའི་

དཔུང་རོགས་དག་གཡུལ་ལས་ཕམ་མེད།

༼ རོལ་སྐུད། ༽


  • ལེ་ཚན་སྔོན་མ།:གཏན་ཚིགས་ཕྱིན་ཅི་ལོག་པ།
  • ལེ་ཚན་རྗེས་མ།:ས་རུབ་ལ་ཉེ་དུས།