ས་རུབ་ལ་ཉེ་དུས།

        2020-06-19

ས་རུབ་ལ་ཉེ་དུས།

འུར་ཟིང་དེ་དག་ཀྱང་འཇགས་ལ་ཉེ།

མིའི་རིགས་ཀྱི་རྒྱུ་བའང་ཆད་ལ་ཉེ།

ད་དུང་། དབྱངས་གསལ་གྱི་མ་ཟིན་པའི་རྣམ་ཤེས་

དང་དངོས་པོ་འཕྲད་ལ་ཉེ།

ས་རུབ་ལ་ཉེ་དུས།

ས་ཆེན་པོའི་ཕྲ་རྒྱན་གྱི་ཚོམ་བུ་རྙིད་ལ་ཡོད་ཅིང་།

མི་ཚོགས་ཀྱི་འཛུམ་འདངས་ཀྱང་གྲོལ་ལ་ཡོད།

ད་རུང་། རི་བོ་ཧི་མ་ལའི་བརྗིད་ཉམས་ཀྱང་བསྒྲིབ་ལ་ཡོད།

ས་རུབ་ལ་ཉེ་དུས།

གཤོག་པ་ཐོགས་མཁན་རྣམས་རྒྱང་རིང་དུ་འཕུར་ཚར་ཞིང་།

རྭ་ཅོ་སྐྱེས་པ་ཚོས་སྐྱ་རེངས་འཆར་རྒྱུ་ངང་སྒུག་བྱེད་ཀྱིན་ཡོད།

ས་རུབ་ལ་ཉེ་དུས།

མུན་པ་འཐིབ་ལ་ཡོད།

༼ འོད་ཟེར་དགུ་བ། ༽


  • ལེ་ཚན་སྔོན་མ།:མགོ་བོ་འཁྱོགས་ནས་ཚེ་འབར་གྱི་མེ་ལྕེ་སྦོར་དང་།
  • ལེ་ཚན་རྗེས་མ།:ལྷ་སའི་ལེའུ།