སྲོག་གི་ང་རོ་སྒྲོག་པའི་དབྱངས་རྟ།

ཆོས་བཞིན།        2020-05-09

ང་ལ་གྲོགས་ཞེས་བྱ་བ་སུ་ཡང་མེད།།

དེ་བཞིན་དགྲ་བོ་ཟེར་བའང་ཡོད་མ་ཡིན།།

གནོད་པའི་ཚེ་ན་གྲོགས་ཀྱང་དགྲ་བོ་སྟེ།།

མཐུན་པའི་སྐབས་སུ་དགྲ་ཡང་གྲོགས་པོ་ཉིད།།

 

ཁ་སེམས་གཉི་ག་ཐ་དད་མ་གྱུར་ཅིང་།།

སེམས་ཀྱི་སྐད་ཆ་ཁ་ཡིས་བཤད་པ་ན།།

བཤད་ས་དཔོན་པོ་ཡིན་མིན་གང་ཡང་མེད།།

ཕོག་ས་གྲོགས་པོ་ཡིན་མིན་ཅི་ཡང་མེད།།

 

རང་ཉིད་དགའ་བདེའི་དཔལ་གྱིས་བཟི་བ་དེ།།

གཞན་དག་རྒུད་པའི་རྐྱེན་དུ་གྱུར་བ་ན།།

སེམས་པ་བཟང་ཞེས་བཤད་ཀྱང་དོན་མེད་དེ།།

སྤྱོད་པ་གཙང་ཞེས་ལབ་ཀྱང་དོན་མེད་ཉིད།།

 

དབྱར་མགོ་ཚུགས་ཀྱང་ཁ་བ་བབ་པ་དེས།།

མི་སེམས་གྲང་ཞིང་རུས་པས་ཁོག་འདར་རྒྱག།།

མི་ལ་རུས་པ་མེད་པའི་སྡུག་བསྔལ་དེ།།

བྱ་ལ་གཤོག་པ་མེད་པའི་ངང་ཚུལ་ཉིད།།

 

སྤྱོད་པ་ཕལ་ཆེར་གཡོ་དང་རྫུན་གྱིས་དེ།།

བྱ་བ་ཕལ་ཆེར་བཟའ་བཏུང་ཁོ་ནའི་དོན།།

རང་ཉིད་རྒྱགས་ཤིང་ཚིམས་ཀྱང་ག་ཆད་ངུ་།།

འཁོར་བའི་མི་འདི་ཟློས་གར་འཁྲབ་ལ་མཁས།།

 

སུ་ཡིན་མི་ཤེས་རླུང་ལྟར་གཡུག་གིན་འདུག།།

གང་ཡིན་མ་ངེས་དྲི་བཞིན་ཐུལ་ནས་ཡོང་།།

ཡ་རབས་སྐྱེ་བོ་དག་གི་རང་བཞིན་ནི།།

ས་དང་རྡོ་བས་བཀབ་དང་མ་བཀབ་མེད།།

 

ཉེས་པའི་མགོ་བོ་རང་ལ་དུད་ནས་འདུག།

གནོད་པའི་སེམས་འདི་གཞན་ལ་གཡོ་བཞིན་ཡོད།།

ཁྲེལ་དང་ངོ་ཚ་བོར་བའི་ཐང་སྟོང་ན།།

མི་ཡི་རྒྱུ་དག་ཁྱི་དང་སྤྱང་ཀི་བཞིན།།

 

རང་ཉིད་འདི་ནས་ལམ་ལ་ཆས་དགོས་ཤིང་།།

གཞན་ཡང་དེ་བཞིན་མདུན་དུ་འགྲོ་དགོས་པ།།

ལམ་ག་རྡོག་པས་གནོན་པའི་སྐད་ཅིག་མར།།

བསམ་ཞིང་བསམ་ན་དོན་གྱི་སྙིང་པོ་རྙེད།།

ཕྱི་ལོ༢༠༢༠་༥་༧མཚན་མོར་གཞི་ཙམ་བྲིས་པར་ཚེས༨ཀྱི་མཚན་མོར་ཁ་སྣོན་ཙམ་བྱས་ཏེ་སྤེལ།


  • ལེ་ཚན་སྔོན་མ།:ཉུག་སེམས་ཀྱི་སྣང་མགུར།
  • ལེ་ཚན་རྗེས་མ།:ཚིག་གི་མེ་ཏོག