ཚིག་གི་མེ་ཏོག

ཁམས་སྨྱུག་གསར།        2020-05-14

ལས་ཀྱི་སྤྲིན་པ་དཔྱངས་པའི་ནམ་མཁའ་དེ་རུ།།

ལང་ཚོའི་དགུ་ཚིགས་བརྐྱངས་བའི་འོད་མདངས་འཚེར་ཚེ།།

ཚོར་བའི་བསིལ་རླུང་འཁོར་བའི་ཟླ་བ་དཀར་པོས།།

ཐ་སྙད་ཀུ་མུད་འཛུམ་པའི་གསང་བ་རྟོགས་བྱུང་།།

འཁོར་བའི་ལྷས་འདབས་དེ་ནས་རིང་དུ་གནས་ཀྱང་།།

ཚིམ་མེད་འཁྲེང་སེམས་རླབས་ཀྱིས་མཚོ་ཁ་དཀྲུག་ཚེ།།

རེ་དོགས་འདབ་མ་གཡོ་བའི་སྣང་བ་འདི་ལ།།

མིག་ཆུའི་ལམ་འཕྲང་དོད་པའི་བརྙན་རིས་ཆགས་འདུག།

འཆི་ཁའི་དབྱངས་རྟ་འཐེན་པའི་མཚམས་སྤྲིན་མཐའ་ནས།།

ཕྱི་མིག་འོད་ཞགས་དམར་པོས་སེམས་པ་བརླན་ཚེ།།

ཕྱི་མའི་རྒྱལ་ཁམས་ཉུལ་འདོད་ཞེ་ལ་མེད་ཀྱང་།།

དབང་མེད་ལས་ཀྱིས་འདེད་ན་སྐྱོ་བ་སྐྱེ་འམ།།

སྐྱིད་སྡུག་རེས་ཀྱིས་བསྐྱོད་པའི་གཙང་བོའི་འགྲམ་དུ།།

དགའ་སྐྱོའི་བུ་ཡུག་ལྡང་བའི་སྣང་བ་ཟ་ཟིས།།

ཚོར་བའི་ཡུ་མོ་འདེད་བའི་ཚུལ་ལ་བསམ་ན།།

འཚོ་བའི་ཉི་གྲིབ་འདི་ལ་གཏམ་རྒྱུད་རིང་ངོ་།།

དེ་རིང་སྨིག་རྒྱུའི་དྲ་བ་རི་རྩེར་འཁོར་ཞིང་།།

ཉི་མའི་བ་སྤྲུའི་མེ་ཏོག་འཛུམ་ཙམ་བྱས་ཏེ།།

ཆེམ་ཆེམ་འོད་ཀྱི་ཟུར་མདའ་ས་ལ་འཐོར་ཚེ།།

སེམས་ཀྱི་ལྕམ་པ་ཉི་དགའ་དགོད་ཙམ་བྱུང་འདུག།

ཚིག་གི་མངར་འབྲས་མེ་ཏོག་རླུང་གིས་འཁུར་བའི།།

སེམས་ཀྱི་རྒྱལ་ཁམས་ཉུལ་བའི་རྟོག་འགྱུའི་བུ་མོས།།

འཁོར་འདས་ཉིན་སྲིབ་མཚམས་ནས་གཞས་ཆུང་འཐེན་བཞིན།།

སྐྱིད་སྡུག་ཚོར་བའི་ཟུངས་ཁྲག་སྨྱུག་རྩེར་ཕབ་སོང་།།

ཚོར་བའི་པད་མ་བཞད་པའི་རྫིང་བུའི་ངོགས་སུ།།

ཐ་སྙད་ངང་དཀར་རྩེན་པའི་རླབས་རིས་གཡོ་དུས།།

མི་རྟག་ལས་རླུང་རྒྱལ་པོའི་བཀའ་ཆད་མེད་ན།།

མ་བཅོས་སེམས་ཀྱི་ཟིལ་བ་ཁྱེད་ལ་གཏོར་ངེས།།

འཁོར་བའི་ལང་ཚོ་སྦེད་པའི་ཐག་འཁྱུད་མེ་ཏོག།

ཚིག་གི་སྒེག་ཕྲེང་འཇོ་བའི་ངག་ལས་རྡོལ་ཚེ།།

ཟླ་བའི་མཛེས་གཟུགས་འཕྲོག་པའི་ཡིད་ཀྱི་གཙང་བོར།།

སྲིད་ཞིའི་ཆོས་ཀུན་བདག་གི་སྙན་ངག་ཡིན་འདུག།

           


  • ལེ་ཚན་སྔོན་མ།:སྲོག་གི་ང་རོ་སྒྲོག་པའི་དབྱངས་རྟ།
  • ལེ་ཚན་རྗེས་མ།:ཀ་ཕྲེང་ཀུན་སྐྱོབ་མ།