འབབ་ཚིགས་ཀྱི་དྲན་སྒོ།

ཁ་བ་ན་རོ།        2020-05-06

གཉིད་ལས་སད་མ་ཐག་འབབ་ཚིགས་ཤིག་ལ་འབྱོར་འདུག

ག་ལེ་ག་ལེར་བྲལ་གྱིན་པའི་གོམ་སྒྲ་ཡང་མོ་དང་

ཆ་མེད་རྒྱུས་མེད་ཀྱི་རྒྱབ་གཟུགས།

འདུ་འཛི་ཆེ་བའི་རླངས་འཁོར་གྱི་སྒྲ།

འགྱུར་བཞིན་པའི་གྲོང་ཁྱེར་དང་མི་ཚོགས་ཀྱི་ཁ་དོག་ལས་ཅི་ཡང་མེད།

ཡིན་ནའང་།  ངའི་དྲན་པའི་ཡོལ་གོ་རུ་འཁྱིལ་བ་དེ།

ཕ་ཡུལ་དང་དགོ་དགོ་འབྲི་མོའི་དབྱངས་རྟ་ལ་འགྲོགས་པའི་ཨ་མའི་སྣང་བརྙན།

ངའི་སེམས་ཀྱི་བྲག་ཅ་ལ་ཡང་ཡང་འཁོར་ཡོང་།

དྲོད་ལམ་ལམ།  འཁྱག་སིབ་སིབ།

འཛུམ་མདངས་ལྷང་ངེར་འཆར་བའི་སྐྱིད་སྣང་ཡོད་ལ།

མིག་ཆུ་ཐག་སེ་ལྷུང་བའི་སྡུག་སྣང་ཡང་ཡོད།

ངས་རང་གི་སེམས་ཀྱི་སྒེའུ་ཁུང་ཇེ་ཆེར་ཕྱེས་ཏེ་ཕྱིར་མིག་ཅིག་མི་འཕེན་ག་མེད་རེད།

སེམས་ཀྱི་ཟུར་ཁ་རེ་རེ་དང་ལུས་ཀྱི་ལྷུ་ཚིགས་རེ་རེ་ཕ་ཡུལ་གྱི་ཕྱོགས་སུ་གཏོར།

སྐབས་རེར་བདེ་སྐྱིད་ཀྱི་དགོད་སྒྲ་འཁྱིལ་ཡོང་།

ལན་རེར་སྡུག་བསྔལ་གྱི་ངུ་སྒྲ་འཁོར་ཡོང་།

ཡུན་གྱིས།  ཡུན་གྱིས།

ངའི་དྲན་པ་མཆི་མས་བརླན་བྱུང་།

ཕ་ཡུལ་་་ཕ་ཡུལ།  ཨ་མ་་་ཨ་མ།

ཁྱོད་ཀྱི་སྲོག་དམར་བོ་རླུང་གིས་ཟད།

ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་ཉི་མས་ཚིག

གཉོམ་དུང་དུང་གི་ངའི་དྲན་པ།

ལྗིད་ཏིག་ཏིག་གི་ངའི་དྲན་པ།

དབྱར་དུས་ཡིན་ཡང་འཁྱགས་རོམ་ཆགས།

དྲན་པ།  དྲན་པ།

ང་ནི་རེ་ཞིག་ཞེ་རེ་སྡུག  ཡི་རེ་མུག

              


  • ལེ་ཚན་སྔོན་མ།:དྲིན་ཆེན་མ་ལོ།
  • ལེ་ཚན་རྗེས་མ།:རྒྱ་ཡན་ལ་ཤོར་བའི་ཤེའུ་དྲན་པ།