རྒྱ་ཡན་ལ་ཤོར་བའི་ཤེའུ་དྲན་པ།

གཡུང་མོ།        2020-05-06

ཆོས་བདེན་བཞི་ཡིད་ཀྱི་དཔལ་འཛིན་མའི།།

ཞལ་ཟླ་དཀར་གསལ་བའི་མེ་ལོང་སྟེ།།

གླུ་སྣ་བརྒྱ་བྱེད་པའི་ཀླུང་ཆེན་ལ།།

སེམས་ཤེའུ་ཆུང་འགུག་པའི་རིགས་སྔགས་ཀྱི།།

སྒྲ་འཇགས་མེད་བདོ་བའི་ངང་ཚུལ་གྱིས།།

ཤེས་རབ་ཀྱི་རྩིད་སྐུད་རྐྱ་བསྒྲིལ་བའི།།

ཞགས་དམར་པོ་འཕེན་པ་གློག་ལྟར་མྱུར།།


གསུང་ཚངས་དབྱངས་དངུལ་དཀར་དྲིལ་ཆུང་གིས།།

སེམས་ཞི་བར་འཁྲིད་པའི་རྩེ་དགའ་ཅན།།

མ་ཁྱེད་རང་དྲན་པའི་སྨུག་ལོང་དུ།།

དུས་རིང་ནས་འཁྱམས་པའི་ཤེ་འུ་དེ།།

རྩལ་སྣ་དགུ་བྱང་བའི་སྔོན་རོལ་ནས།།

ངག་འཕྲུལ་བའི་རྒྱ་ལ་རང་ཉིད་ལྕེབས།།


བློ་ཡན་པའི་འོད་གུར་ཁྲ་མོའི་ནང་།།

ཚིག་སྐར་ཆེན་སྐར་ཆུང་བྱས་བྱས་ནས།།

ཕྱི་འབྱོར་བ་འཇའ་ཚོན་བཀྲ་ཡག་མར།།

དང་དོད་ཀྱི་རྟ་ཁ་ལྷོད་དེ་སྡོད།།


མཐོ་བྱ་ལམ་འགྲིམ་པའི་ཆོ་འཕྲུལ་གྱི།།

ལུས་བརྙེས་པ་མེད་ཀྱང་སྒྱུ་མ་ཡི།།

བློ་དམ་པས་བྱས་པའི་ངག་རིགས་ཀྱི།།

སྤྲིན་དམ་དུམ་བྱེད་པའི་ཆོ་ག་ཅན།།

ཤེའུ་དེ་གའི་ཕ་ཡུལ་གང་དུ་གདའ།།

          


  • ལེ་ཚན་སྔོན་མ།:འབབ་ཚིགས་ཀྱི་དྲན་སྒོ།
  • ལེ་ཚན་རྗེས་མ།:སྐྱོ།