སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༠༽

བཀྲ་བྷ།        2020-04-15

ཉིས་བརྒྱ་དོན་གཅིག བྱུང་རིམ་ཕྲ་མོར་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།

   ལན། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་ཀུན་ལ་རྣམ་པ་བྱེ་བྲག་པ་རེ་ཡོད་པ་དང་། མི་རྣམས་ཀྱི་འཚོ་བའང་ཕུན་སུམ་ཚོགས་ཤིང་སྐྱིད་སྡུག་གཉིས་ཀ་སྐྱ་འཐབ་ནས་འགྲོ་བཞིན་ཡོད་པ་ཞིག་ཡིན་པ་ན། བྱུང་རིམ་ཕྲ་མོ་ལའང་འབྲི་ལུགས་ཀྱང་སྣ་ཚོགས་ཤིག་ཡིན་དགོས་འདུག་མོད། འོན་ཏེ་འབྲི་ལུགས་རིགས་མི་འདྲ་བ་དམིགས་སུ་བཟུང་སྟེ་དབྱེ་ན་འཚོ་བའི་རྣམ་པ་ཕྲ་མོ་དང་། མི་སྣའི་རྣམ་པ་ཕྲ་མོ་དང་། ཁོར་ཡུག་གི་རྣམ་པ་ཕྲ་མོ་གསུམ་ཡོད་པར་བརྗོད།

ཉིས་བརྒྱ་དོན་གཉིས། སྒྲུང་གཏམ་ལས་འཚོ་བའི་རྣམ་པ་ཕྲ་མོ་ནི་གང་ལྟར་གྲུབ་པ་ཡིན།

   ལན། འཚོ་བའི་རྣམ་པ་ཕྲ་མོ་ནི་སྒྲུང་གཏམ་པས་ནམ་རྒྱུན་གྱི་འཚོ་བ་དང་སྤྱི་ཚོགས་ཀྱི་བྱ་འགུལ་དེ་ཕྲ་ཞིང་ཞིབ་པའི་སྒོ་ནས་བཀོད་འབྲི་བྱས་ཏེ་གྲུབ་པ་ཡིན་ལ། སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་མིའི་འགྲོ་འདུག་སྤྱོད་གསུམ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་དང་གོམས་གཤིས་མི་འདྲ་བ་རྣམས་ལག་ལེན་དུ་བསྟར་ལུགས། མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བ་སོགས་བརྩམས་ཆོས་ཁྲོད་ལ་འདྲེན་སྐབས། རྩོམ་མཁན་གྱིས་དེ་དག་གི་རྣམ་པ་བྱེ་བྲག་པ་གང་དང་གང་ཞིག་ཕྲ་ཞིང་ཞིབ་པའི་སྒོ་ནས་བཀོད་འབྲི་བྱས་ན། སྒྲུང་གཏམ་ལ་འཚོ་བའི་རྣམ་པ་བཀོད་འབྲི་བྱས་པའི་བྱུང་རིམ་ཕྲ་མོ་བྱུང་བ་ཡིན།

ཉིས་བརྒྱ་དོན་གསུམ། འཚོ་བའི་རྣམ་པ་ཕྲ་མོ་ལ་ནང་གསེས་སུ་དབྱེ་ན་གང་དག་ཡོད།

   ལན། འཚོ་བའི་རྣམ་པ་ཕྲ་མོ་ལ་ནང་གསེས་སུ་དབྱེ་ན་དོན་རྐྱེན་གྱི་གྲུབ་ཆ་བྱེ་བྲག་པ་སྟེ་དོན་རྐྱེན་གྱི་བྱུང་རིམ་ཕྲ་མོ་དང་བྱུང་རིམ་གྱི་གྲུབ་ཆ་བྱེ་བྲག་པ་གཉིས་ཡོད་པར་འདོད།

ཉིས་བརྒྱ་དོན་བཞི། དོན་རྐྱེན་གྱི་གྲུབ་ཆ་བྱེ་བྲག་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག

   ལན། གཏམ་རྒྱུད་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་སྒྲུང་གཏམ་ལ་ཆ་མཚོན་ན། སྲོག་ཤིང་ནི་མི་སྣ་ཡིན་པ་དང་། བརྗོད་བྱ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བར་འགྱུར་ལྡོག་བྱུང་བའི་གོ་རིམ་སྟོན་པའི་དོན་རྐྱེན་རྙོག་དྲ་ཅན་ཞིག་ཡིན་ཞིང་། སྤྱིར་བཏང་དུ་གཏམ་རྒྱུད་ཀྱི་ཁྱད་ཆོས་མོད་པའི་སྒྲུང་གཏམ་ལས་བསྟན་པའི་དོན་རྐྱེན་ལ་ཐོག་མའི་བྱུང་ལུགས་དང་། བར་གྱི་འགྱུར་ལུགས། མཐོ་རླབས་འཕྱུར་ལུགས། མཐའ་འབྲས་སྨིན་ལུགས་བཅས་ཁག་བཞིས་གྲུབ་ཡོད་ལ། སྐབས་འདིའི་དོན་དག་གང་ཞིག་གི་འགྱུར་ལྡོག་གི་གོ་རིམ་བྱེ་བྲག་པ་ནི་དོན་རྐྱེན་གྱི་བྱུང་རིམ་ཕྲ་མོ་ཡིན་དགོས་འདུག

ཉིས་བརྒྱ་དོན་ལྔ།  བྱུང་རིམ་གྱི་གྲུབ་ཆ་བྱེ་བྲག་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་འདུག

   ལན། བྱུང་རིམ་ནི་སྒྲུང་གཏམ་གྱི་བརྗོད་བྱ་གྲུབ་བྱེད་གལ་ཆེན་ཞིག་ཡིན་ལ། དེ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་མཚོན་པའི་འཚོ་བའི་གོ་རིམ་ཞིག་ཡིན་པ་མ་ཟད། མི་སྣའི་གཤིས་ཀ་དང་། མི་སྣའི་གནས་བབས། མི་སྣའི་ལས་དབང་ལ་བརྟེན་ནས་བྱུང་བའི་དོན་དག་སྣ་ཚོགས་ཀྱིས་གྲུབ་ཡོད་ལ། སྐབས་འདིའི་བྱུང་རིམ་གྱི་གྲུབ་ཆ་བྱེ་བྲག་པ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་མཚོན་པའི་འཚོ་བའི་གོ་རིམ་བྱེ་བྲག་པ་རྣམས་ལ་གོ་ན་འགྲིག་པ་འདྲ། སྒྲུང་གཏམ་སྐད་གྲགས་ཅན་མང་པོས་བདེན་དཔང་བྱས་པ་ལྟར་ན། འཚོ་བའི་རྣམ་པ་བྱེ་བྲག་པ་གང་ཞིག་བདེན་ཁ་མི་འཆོར་བ། རྣམ་པ་གསལ་བ། ཡིད་དབང་འཕྲོག་པའི་སྒོ་ནས་བྱ་དངོས་ཀྱི་ཁྱད་ཆོས་བྱེ་བྲག་པ་དེ་བཀོད་འབྲི་བྱེད་ནུས་ན། མི་སྣའི་གོམས་སྲོལ་དང་མོས་འདུན། དགའ་ཕྱོགས་དང་ལངས་ཕྱོགས། བློ་སྤོབས་དང་ཡིད་ཀྱི་འགྱུར་བ་ཕྲ་ཞིང་ཕྲ་བའི་སྒོ་ནས་མཚོན་ནུས་པ་མ་ཟད། ད་དུང་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་། མི་གཤིས་རྗེན་པར་མངོན་པ། བརྩམས་ཀྱི་སྒྱུ་རྩལ་རིན་ཐང་ཇེ་མཐོར་གཏོང་བ་བཅས་ལ་ཤིན་ཏུ་ཕན་པ་ཡིན།

ཉིས་བརྒྱ་དོན་དྲུག  སྒྲུང་གཏམ་ལས་འཚོ་བའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་འཚོ་བའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱས་ཏེ་མི་སྣའི་འཚོ་བའི་ཁྱད་ཆོས་དམིགས་སུ་བསལ་བ་དེ་མཚོན་ཐུབ་དགོས། གཉིས། འཚོ་བའི་རྣམ་པ་ཕྲ་མོ་ནི་བྱུང་རིམ་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་དང་བསྟུན་ནས་འབྲི་དགོས། གསུམ། འཚོ་བའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས། དོན་རྐྱེན་གྱི་གྲུབ་ཆ་བྱེ་བྲག་པ་དང་བྱུང་རིམ་གྱི་རྣམ་པ་བྱེ་བྲག་པ་གཉིས་ལས་གང་དགོས་གལ་ཆེ་ན་དེ་ཉིད་དམིགས་སུ་བཟུང་ནས་འབྲི་དགོས།

ཉིས་བརྒྱ་དོན་བདུན། ཅི་ཞིག་ལ་མི་སྣའི་རྣམ་པ་ཕྲ་མོ་ཟེར།

   ལན། མི་སྣའི་རྣམ་པ་ཕྲ་མོ་ནི་མི་སྣའི་བཞིན་རས་དང་། གྱོན་གོས། རྒྱན་ཆ། དེ་མིན་ངག་གི་བཤད་སྟངས་དང་ལུས་ཀྱི་བྱ་སྟངས།དགའ་སྤྲོ་ཆགས་སྡང་འབྱུང་ལུགས་ཀྱི་རྟགས་མཚན་བྱེ་བྲག་པ་དང་ཁྱད་ཆོས་བྱེ་བྲག་པ་རྣམས་ལ་གོ་དགོས་ཤིང་། སྒྲུང་གཏམ་གསར་རྩོམ་བྱེད་སྐབས།   གལ་སྲིད་མི་སྣའི་རྣམ་པ་དཔེ་མཚོན་རང་བཞིན་ལྡན་པ་པ་དང་ཞིབ་ཅིང་ཕྲ་བའི་བཀོད་འབྲི་བྱེད་ནུས་ན། མི་སྣའི་སྣང་བརྙན་གཟུགས་རིས་གསལ་བའི་སྒོ་ནས་གསར་སློང་བྱེད་ཐུབ་པར་འདོད། 

ཉིས་བརྒྱ་དོན་བརྒྱད། མི་སྣའི་རྣམ་པ་ཕྲ་མོ་ལ་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།

   ལན། མི་སྣའི་རྣམ་པ་ཕྲ་མོ་ལ་ནང་གསེས་སུ་དབྱེ་ན་ལུས་ཀྱི་རྣམ་པ་ཕྲ་མོ་དང་། ངག་གི་བཤད་སྟངས་ཀྱི་རྣམ་པ་ཕྲ་མོ་དང་།ལུས་ཀྱི་བྱ་སྟངས་ཀྱི་རྣམ་པ་ཕྲ་མོ་དང་།སེམས་ཁམས་ཀྱི་རྣམ་པ་ཕྲ་མོ་སྟེ་བཞི་ཡོད་པར་འདོད་དོ།།

ཉིས་བརྒྱ་དོན་དགུ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་མི་སྣའི་ལུས་ཀྱི་རྣམ་པ་ཕྲ་མོ་འབྲི་དོན་ཅི།

   ལན། མི་སྣའི་ལོ་ན་ཚོད་དང་གཤིས་ཀ ལས་རིགས་དང་འཚོ་གནས་ཀྱི་ཁོར་ཡུག དགའ་ཕྱོགས་དང་འཚོ་བའི་ཆ་རྐྱེན་སོགས་མི་གཅིག་ཁ་ཁ་ཡིན་པའི་དབང་གིས་ལུས་ཀྱི་རྣམ་པའི་ཁྱད་ཆོས་ཀྱང་མི་འདྲ་སོ་སོ་ཡིན་པ་ན། རྩོམ་པ་པོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། རང་གིས་བརྩམས་ཆོས་ཁྲོད་ལ་དྲངས་པའི་མི་སྣ་ཁོ་ནར་སྣང་བའི་ལུས་ཀྱི་རྣམ་པ་བྱེ་བྲག་པ་དེ་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་འབྲི་བྱས་པ་ན། མི་སྣ་ལ་ལུས་ཀྱི་རྣམ་པའི་ཐད་ནས་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་ལྡན་པར་འགྱུར་ངེས། དཔེར་ན་སྒྲུང་འབྲིང《ནས》ལས་ཇོ་རུ་དང་ཨ་ཁུ་ཁྲོ་ཐུང་གཉིས་ཀ་འདན་ཆུ་དར་དཀར་དགུ་འཁྱོག་གི་འགྲམ་ལ་སླེབས་སྐབས། ཇོ་རུའི་ལུས་ཀྱི་རྣམ་པ་ཕྲ་མོ་དེ་ཁྲོ་ཐུང་གི་མཐོང་སྣེ་བརྒྱུད་དེ་སློག་པའི“སྐ་རགས་ལྷོད། སློག་པའི་སྔ་ཐུ་ས་ལ་དྲུད། རྒྱབ་ནས་ཡར་འཐེན། ལྷམ་ཉ་ལུགས་བྱས། བེར་ཀ་མཆན་ལ་བཙིར། སྣབས་ཆུ་སེར་པོ་ཞིག་ཡ་མཆུ་ངོས་ལ་དཔྱངས་ཏེ་འ་ཐང་ཆད་པའི་ངང་ནས་ཡོང་བཞིན་ཡོད་པ་མཐོང”བྱུང་ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། ཇོ་རུའི་ལུས་ཀྱི་རྣམ་པ་དེ་རི་མོར་བཀོད་པ་ཇི་བཞིན་ཀློག་མཁན་གྱི་སྣང་ངོར་མངོན་ཐུབ་པར་གྱུར་པ་དང་། སྐབས་དེར།   ཇོ་རུས་སྐྲག་པའི་ཚུལ་གྱིས“འདན་ཡུལ་གྱི་རྡོ་འདི་དག་ཐབ་རྡོ་བྱེད་རུང་ངམ”ཞེས་བརྗོད་པ་ན། ཨ་ཁུ་ཁྲོ་ཐུང་ལ་ཁོང་ཁྲོ་ཆེན་པོ་ལྡང་བྱུང་ལ། ཁོ་རང་ལ་ཁོང་ཁྲོ་ལྡང་སྐབས་ཀྱི་ལུས་ཀྱི་རྣམ་པ་ཕྲ་མོ་ནི“ཁྲོ་ཐུང་གི་རལ་བ་སྦོམ་པོ་དེ་མདུད་པ་བརྒྱབ་ནས་མགོ་ལ་དཀྲིས་འདུག་པ་དང་། ཁོང་ཁྲོའི་སྐབས་སུ། ཨག་ཚོམ་དམར་པོ་དར་གྱིས་བརྒྱན་ཏེ་བྲང་ངོས་ལ་འཕྱང་འདུག་པ་དེ་ལྕུག་ལྕུག་ཏུ་འདར་ཞིང་། ཆེ་ཞིང་སྒོར་བའི་མིག་ཟུང་ནི་དམར་ལམ་ལམ་དང་སྡང་བལྟས་ཤིག་ཤིག་བྱེད་པ་ན། རྒྱུས་མེད་རྣམས་ཀྱིས་མཐོང་ན་སྙིང་རྩ་ཤིག་ཤིག་ཏུ་འདར་ངེས་ཡིན”[1]ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། མ་བཞི་དཔོན་པོ་ཁྲོ་ཐུང་གི་ཆུང་ཉམ་སྡང་བའི་གཤིས་ཀ་དེ་གཟུགས་རིས་གསལ་བའི་ངང་ནས་མཚོན་ཐུབ་པར་གྱུར་པ་ལྟ་བུའོ།།

ཉིས་བརྒྱ་བརྒྱད་ཅུ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་མི་སྣའི་ངག་གི་བཤད་སྟངས་ཀྱི་རྣམ་པ་ཕྲ་མོ་འབྲི་དོན་ཅི།

   ལན། སྐད་ཆ་ནི་ཚོགས་པ་ཞིག་གི་སྤྱི་ནོར་ཡིན་རུང་། མི་རྣམས་ཀྱི་གཤིས་ཀ་དང་གནས་བབས། འཇོན་ཐང་དང་བློ་སྤོབས། འཚར་ལོངས་བྱུང་སའི་ཁོར་ཡུག་སོགས་མ་འདྲ་བ་ན། མི་བྱེ་བྲག་པ་རྣམས་ཀྱིས་སྐད་ཆ་འཆད་སྐབས། རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྐད་ཆ་འཆད་ལུགས་ཤིག་ཡོད་ལ། སྒྲུང་གཏམ་ལས་མི་སྣའི་གཏམ་གླེང་བཀོད་འབྲི་བྱེད་སྐབས་མི་སྣས་ཅི་ཞིག་བཤད་པ་དང་ཇི་ལྟར་བཤད་པ་ཟུང་འབྲེལ་བྱས་ཏེ། སྐད་ཆ་ཅི་ཞིག་བཤད་པ་ཇི་བཞིན་འདྲེན་དགོས་པ་མ་ཟད། མི་སྣའི་གནས་ཚུལ་དངོས་དང་བསྟུན་ཏེ་སྐད་ཆ་འཆད་སྐབས་ཀྱི་སྒྲ་གདངས་དང་། རྣམ་འགྱུར་དང་། ལུས་ཀྱི་སྟངས་སྟབས་སོགས་ལས་གང་ཞིག་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྗོད་དེ། སྐད་ཆ་ཇི་ལྟར་འཆད་པའི་རྣམ་པ་དེ་རྟགས་མཚན་གསལ་བའི་ངང་ནས་བཀོད་འབྲི་བྱས་པ་ན། མི་སྣར་ཐུན་མིན་གྱི་གཤིས་ཀ་གྲུབ་པ་དང་གཞན་དང་མི་མཚུངས་པའི་སྣང་བརྙན་འབྱུང་བ་ལ་ཤིན་ཏུ་ཕན་པ་འདྲ།

ཉིས་བརྒྱ་གྱ་གཅིག སྒྲུང་གཏམ་གསར་རྩོམ་བྱེད་སྐབས་མི་སྣའི་ལུས་ཀྱི་བྱ་སྟངས་ཀྱི་རྣམ་པ་ཕྲ་མོ་འབྲི་དོན་ཅི།

   ལན། ལུས་ཀྱི་བྱ་སྟངས་ཀྱི་རྣམ་པ་ཕྲ་མོ་ཞེས་པ་ནི་མི་སྣ་ལས་གང་ཞིག་ལ་འཇུག་སྐབས་ཀྱི་ལུས་ཀྱི་བྱ་སྟངས་བྱེ་བྲག་པ་རྣམས་ལ་གོ་བ་ཡིན་ཏེ། དུས་རྒྱུན་འཚོ་བ་ལ་གཞིགས་ན། མི་རྣམས་ལས་གང་ཞིག་ལ་ཞུགས་ཀྱང་རང་ཉིད་ཀྱི་རྟགས་མཚན་གསལ་བའི་ལུས་ཀྱི་བྱ་སྟངས་ཤིག་ཡོད་པ་མ་ཟད། མི་རྣམས་ཀྱི་ལུས་ཀྱི་བྱ་སྟངས་ལ་གཤིས་ཀ་དང་ལས་རིགས། སྤྱི་ཚོགས་གོ་གནས་མཐོ་དམའ་དང་དཔལ་འབྱོར་ཆ་རྐྱེན་བཟང་མིན། ལོ་ན་ཚོད་དང་ཐོས་རྒྱ་མཐོང་རྒྱའི་ཆེ་ཆུང་སོགས་ཀྱི་རྟགས་མཚན་གསལ་བ་ལས་གཞན། རྣམ་པ་དང་གནས་ཚུལ་མི་འདྲ་བར་འཕྲད་སྐབས་ལུས་ཀྱི་བྱ་སྟངས་ལ་འགྱུར་ལྡོག་འབྱུང་བ་ཡིན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣའི་གནས་ཚུལ་དང་ཡུལ་དུས་ཀྱི་རྣམ་པ་ཟུང་འབྲེལ་བྱས་ཏེ་ལུས་ཀྱི་བྱ་སྟངས་བྱེ་བྲག་པ་རྣམས་བཀོད་འབྲི་བྱས་པ་ན། སྤྱོད་པ་བཀོད་འབྲིའི་ཐད་ནས་མི་སྣའི་གཤིས་ཀ་མཚོན་པ་དང་སྣང་བརྙན་གསར་སློང་བྱེད་པ་ལ་ཤིན་ཏུ་ཕན་པར་འདོད།

ཉིས་བརྒྱ་གྱ་གཉིས། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་མི་སྣའི་སེམས་ཁམས་ཀྱི་རྣམ་པ་ཕྲ་མོ་འབྲི་དོན་ཅི།

   ལན། མི་སྣའི་སེམས་ཁམས་ནི་འགྱུར་ལྡོག་གི་རྣམ་པར་གནས་པ་ཞིག་ཡིན་པ་དང་། རྣམ་པ་དང་གནས་ཚུལ་ངེས་གཏན་ཅན་དུ་མི་སྣའི་སེམས་ཁམས་ལ་འགྱུར་ལྡོག་བྱུང་ལུགས་བྱེ་བྲག་པ་ལ་སེམས་ཁམས་ཀྱི་རྣམ་པ་ཕྲ་མོ་ཟེར་བར་འདོད་དེ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། རྩོམ་པ་པོས་དགོས་གལ་ཆེ་བའི་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་བྱེ་བྲག་པ་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་འབྲི་བྱས་པ་ན། ད་གཟོད་མི་སྣའི་སྣང་བརྙན་གཟུགས་རིས་གསལ་བའི་ངང་ནས་མཚོན་ཐུབ་པ་དང་། མི་སྣའི་གཤིས་ཀ་ལྷང་ལ་ཕུད་ཐུབ། དཔེར་ན་སྒྲུང་ཐུང《ཟླ་བ་དང་མེ་ལོང》ལས་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་སྐབས། སྦྲ་གུར་གྱི་ཚོང་ཁང་རེ་རེར་འཛུལ་ཏེ་ཚོང་ཁང་ཨང་བཅུ་གསུམ་པ་དེར་བསླེབས་པ་ན། རྒྱབ་གཟུགས་ཟླ་བ་ཚེ་རིང་དང་གཉིས་སུ་མེད་པའི་གཞོན་ནུ་ཞིག་མཐོང་བྱུང་བས། ཁོ་མོའི་ཡིད་སེམས་དགའ་བ་འབུམ་གྱིས་མྱོས་སོང་ལ། དགའ་སྣང་ཆེན་པོ་བྱུང་བའི་སེམས་ཁམས་ཀྱི་རྣམ་པ་དེ་ལུས་དང་བྱ་སྟངས་དང་ལྷན་དུ་བསྡེབས་ནས“ཤུ། ད་ནི་བསམ་དོན་རི་མོ་དངོས་སུ་འགྲུབ་སོང་། མོའི་སེམས་ལ་སྦྲང་རྩི་འཇིབ་པ་དང་གཉིས་སུ་མེད་པའི་ཚོར་སྣང་མངར་ལྡན་པ་ཞིག་སྐད་ཅིག་ཉིད་ལ་རྒྱས་བྱུང་བ་དང་། ཚོར་བ་དེ་ཇེ་དྲག་ནས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། དྲོད་རླངས་མངར་མོ་ཞིག་གིས་མོ་དལ་གྱིས་མཁའ་ལ་དྲངས་པ་དང་། ལུས་པོ་ནི་བསེར་བུས་གཡོས་པའི་བྱ་སྒྲོ་ལྟར་ལྕུག་ལྕུག་ཏུ་འདར་བཞིན། ལྕིག་ལྕིག་ཏུ་འདར་བཞིན་གྱེན་ནས་གྱེན་ལ་སྤུར་བའི་ཚོར་བ་གཞན་དང་མི་མཚུངས་པ་ཞིག་སྐྱེས་བྱུང་། མོས་མིག་ཟུང་བཙན་ཤུགས་ཀྱིས་ཕྱེ་བ་ན། ལུས་པོ་ནི་སྔར་བཞིན་ལྕུག་ལྕུག་ཏུ་འདར་བཞིན་ཡོད་རུང་། གང་ལྟར་ས་ལ་ནི་བབས་འདུག་པས། དགའ་སྤྲོ་ཆེན་པོ་དང་བཅས་ཕར་ལ་བཙན་ཤུགས་ཀྱིས་བལྟས། རེད། རེད་ཡ། དངོས་འབྲེལ་ཁོ་བསླེབས་འདུག ལྟོས་དང་། གནག་ཅིང་སྣུམ་པའི་སྐྲ་ལོ་རིང་མོ་དེ་རྒྱ་ལྕང་གཞོན་ནུའི་ལོ་མ་ཇི་བཞིན་གཟི་མདངས་ཀྲིག་གེར་ཕྲག་པ་དང་སོག་རྒྱབ་ལ་འཕྱང་འདུག་ཅིང་། མགོ་བོ་དལ་གྱིས་འགུལ་བ་དང་བསྟུན་ནས་རྣ་བ་གཡས་པའི་དངུལ་དཀར་གྱི་རྣ་ཏོག་དེ་སྐབས་རེར་མངོན་ཞིང་མཚམས་རེར་མི་མངོན། ཀྱེ་མ། གྱོན་གོས་ཀྱང་སྔར་དང་འདྲ། ལྟོས་དང་། ལུས་སྟོད་ལ་སྔར་བཞིན་ཨམ་ཕྲག་མང་པོ་ཅན་གྱི་སྟོད་གོས་སྔོ་སྐྱ་དེ་གྱོན་འདུག་པ་དང་། ལུས་སྨད་ལ་སྒྲོག་བུ་མང་པོ་ཅན་གྱི་དོར་མ་དཀར་པོ་དེ་གོན་འདུག མོ་མཆོང་རྒྱུག་ལན་གཅིག་གིས་ཁོའི་གམ་ལ་གཅར་གྲབས་བྱས་པ་ན། ལུས་པོ་ནི་རླུང་འཚུབ་ལོ་འཁོར་ལོ་སྟོབས་དང་ལྡན་པ་ཞིག་གི་འཆིང་རྒྱར་ཚུད་པ་ལྟར་མདུན་ལ་གོམ་པ་གང་ཡང་སྤོ་མི་ཐུབ་ལ། ངག་ནས་ཟླ་བ་ཚེ་རིང་ཞེས་ཀི་འབོད་ལན་ཞིག་བྱེད་བསམས་ཀྱང་། མགྲིན་པའི་ནང་དུ་ཤིང་བལ་འབོལ་བོ་ཞིག་བརྫངས་པ་ལྟར་སྒྲ་སྐད་འབྱིན་པའི་རྩོལ་ནུས་ཉམས་འདུག”[2]ཅེས་པ་ལྟར་བཀོད་འབྲི་བྱས་པ་ན། དགའ་སྣང་ཁྲོད་ཀྱི་སེམས་ཁམས་ཀྱི་འགྱུར་ལྡོག་ཕྲ་ཞིང་ཕྲ་བ་རྣམས་ཞིབ་འབྲི་བྱས་པ་ལ་བརྟེན་ནས། ཟླ་བ་སྒྲོལ་མ་ཞེས་པའི་གཞོན་ནུ་མ་དེ་ཟླ་བ་ཚེ་རིང་ལ་དུང་ལུགས་ནི་སྣང་བརྙན་གསལ་བའི་ངང་ནས་མཚོན་ཐུབ་པར་གྱུར་པ་ལྟ་བུའོ།།

ཉིས་བརྒྱ་གྱ་གསུམ། སྒྲུང་གཏམ་ལས་མི་སྣའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་མི་སྣའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣའི་སྣང་བརྙན་གསལ་ཞིང་གཤིས་ཀ་གཞན་དང་མི་ནོར་བའི་སྒོ་ནས་མཚོན་ཐུབ་དགོས། གཉིས། མི་སྣའི་རྣམ་པ་ཕྲ་མོ་ནི་ཡུལ་དུས་དང་བསྟུན་ནས་འབྲི་དགོས། གསུམ། མི་སྣའི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས། ལུས་ཀྱི་རྣམ་པ་ཕྲ་མོ་དང་། ངག་གི་རྣམ་པ་ཕྲ་མོ། སེམས་ཀྱི་རྣམ་པ་ཕྲ་མོ་ལས་གང་དགོས་གལ་ཆེ་ན་དེ་ཉིད་དམིགས་སུ་བཟུང་ནས་འབྲི་དགོས། བཞི། མི་སྣའི་རྣམ་པ་ཕྲ་མོ་འབྲི་སྐབས། དགོས་མཁོ་ལྟར་འབྲི་ལུགས་སོ་སོས་ཕན་ཚུན་ལ་རམ་འདེགས་བྱ་དགོས།
ཉིས་བརྒྱ་གྱ་བཞི། ཁོར་ཡུག་གི་རྣམ་པ་ཕྲ་མོར་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།

   ལན། ཁོར་ཡུག་གི་རྣམ་པ་ཕྲ་མོར་ནང་གསེས་སུ་དབྱེ་ན་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་དང་། རང་བྱུང་ཁོར་གི་རྣམ་པ་བྱེ་བྲག་པ་སྟེ་གཉིས་ཡོད་དོ།།

ཉིས་བརྒྱ་གྱ་ལྔ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་འབྲི་དོན་ཅི།

   ལན། སྤྱི་ཚོགས་ཁོར་ཡུག་གི་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ། ཆེ་ཕྱོགས་ནས་བརྗོད་ན་དུས་སྐབས་ངེས་ཅན་ཞིག་གི་སྤྱི་ཚོགས་ལམ་ལུགས་དང་།   ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ། ཆོས་ལུགས་ཀྱི་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ནི་དེ་ལ་གཏོགས་པ་དང་། ཆུང་ཕྱོགས་ནས་བརྗོད་ན་མི་སྣ་ལས་གང་ཞིག་ལ་འཇུག་སྐབས་ཀྱི་གནས་ཚུལ་བྱེ་བྲག་པ་རྣམས་ཀྱང་སྤྱི་ཚོགས་ཁོར་ཡུག་ལ་གོ་ཆོག་པ་ཡིན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། དགོས་གལ་ཆེ་ཞིང་དུས་རབས་ཀྱི་རྣམ་པ་གསལ་བའི་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་བྱེ་བྲག་པའི་རྣམ་པ་དང་ཁྱད་ཆོས་གཟུགས་རིས་གསལ་བའི་ངང་ནས་བཀོད་འབྲི་བྱས་པ་ན། མི་སྣའི་གཤིས་ཀ་དང་ལས་དབང་མཚོན་ཐུབ་པ་མ་ཟད། མི་སྣའི་གཤིས་ཀ་དང་ལས་དབང་གི་འགྱུར་ལྡོག་ལ་ཁ་ཕྱོགས་སྟོན་ཐུབ། 

ཉིས་བརྒྱ་གྱ་དྲུག སྒྲུང་གཏམ་གསར་རྩོམ་བྱེད་སྐབས་རང་བྱུང་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་འབྲི་དོན་ཅི།

   ལན། རང་བྱུང་ཁོར་ཡུག་ནི་མིའི་རྩོལ་བ་ལ་མ་བརྟེན་ཏེ་གྲུབ་པའི་རི་དང་གཙང་པོ། མཚོ་དང་མཚེའུ། ནགས་དང་ཀློང་ཐང་སོགས་ལ་ངོས་འཛིན་དགོས་པ་མ་ཟད། མིའི་རྩོལ་བ་ལ་བརྟེན་ནས་བྱུང་བའི་སྐྱེད་མོས་ཚལ་དང་། མཁར་དང་ཁང་པ་སོགས་ཀྱང་རང་བྱུང་ཁམས་ཀྱི་གྲུབ་ཆར་གྲུབ་གྱུར་ཡོད་པ་ན། བྱེ་བྲག་གི་དོད་ལ་སྤྱི་འགོད་པའི་སྲོལ་ལྟར་མཁར་དང་ཁང་པ་སོགས་ཀྱང་རང་བྱུང་ཁོར་ཡུག་གི་གྲས་སུ་དྲངས་ཆོག སྒྲུང་གཏམ་གསར་རྩོམ་བྱེད་སྐབས་རང་བྱུང་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་དེ་རྟགས་མཚན་གསལ་བའི་སྒོ་ནས་བཀོད་འབྲི་བྱས་ན། ཁོར་ཡུག་གི་རྣམ་པ་དེ་རི་མོ་ཇི་བཞིན་ཀློག་མཁན་གྱི་མཐོང་སྣང་ལ་སྣང་སྲིད་པ་མ་ཟད། ཁོར་ཡུག་གི་རྣམ་པ་ཕྲ་མོ་དང་མི་སྣའི་སྤྱོད་ལམ་ཐད་ཀྱི་རྣམ་པ་ལྷན་དུ་བསྡེབས་ཏེ་བཀོད་འབྲི་བྱས་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་ལའང་ཤིན་ཏུ་ཕན་ཏེ། དཔེར་ན་ཁོ་བོའི་སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ལས་ས་སེར་ཆུ་མིག་ཕ་རོལ་གྱི་སྤང་ཐང་ཆེན་པོ་དེའི་མཚན་ལྗོངས་བྱེ་བྲག་པ་དེ་བརྗོད་སྐབས། ཡུལ་གྱི་རྣམ་པ་ནི་ར་བྷ་འདྲེ་མིག་གི་མཐོང་སྣེ་སྤྱད་དེ“གཡས་ཕྱོགས་ཀྱི་དེའུ་འབུར་ཆུང་ཆུང་དེའི་ངོས་ན་དགོ་ཁྱུ་ཞིག་དལ་ཅག་གེར་ཉལ་འདུག་པ་དང་། དགོ་ཁྱུའི་ཚུ་རོལ་ན་སྤྱང་ཀི་ཞིག་གིས་གློ་མཆིན་ས་ལ་གླན་ནས་ཕར་ལ་འཇབ་ཀྱིན་གདའ། ཡུད་ཙམ་གྱི་རྗེས་སུ། དགོ་ཁྱུ་འདྲོགས་ཏེ་སྐད་ཅིག་ཉིད་ལ་དེའུ་འབུར་དེའི་ཕ་རོལ་དུ་ཞོགས་པ་ན། སྤྱང་ཀི་འང་དགོ་ཁྱུའི་རྗེས་ལ་མདའ་ལྟར་མཆོངས་སོང་། མཚམས་ཤིག་ལ། བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་བས། ལྷོ་ཕྱོགས་ན་མཚན་རྩྭ་ཟ་བཞིན་ཡོད་པའི་རྐྱང་ཁྱུས་མི་ཡི་ལུས་དྲི་ཚོར་པ་དང་ལྷན་དུ་ཕྱོགས་ལ་མཆོང་རྒྱུག་བྱས་པ་ན། དེ་དང་ཐག་མི་རིང་བའི་རྐྱང་ཁྱུ་རྣམས་ཀྱང་གཅིག་འཕྲོང་གཅིག་མཐུད་ཀྱིས་ཞོགས་སོང”[3]ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། ཀློག་མཁན་གྱི་སྣང་ངོར་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་རྣམས་རི་མོར་བཀོད་པ་ཇི་བཞིན་སྣང་ཡོང་བ་དང་། ར་བྷ་འདྲེ་མིག་གིས་མཚན་མོར་མིག་གིས་མཐོང་ཚད་ཉིན་མོ་ལས་ཀྱང་བཟང་བའི་ཁྱད་ཆོས་དེ་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་སྟོན་ཐུབ་པར་གྱུར་པ་ལྟ་བུའོ།།

ཉིས་བརྒྱ་གྱ་བདུན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་འདུག་སྟེ། གཅིག ཁོར་ཡུག་གི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས། ཡུལ་དུས་ཀྱི་རྣམ་པ་བདེན་ཁ་མི་འཆོར་བའི་སྒོ་ནས་སྟོན་དགོས། གཉིས། ཁོར་ཡུག་གི་རྣམ་པ་ཕྲ་མོ་རྣམས་ལས་དཔེ་མཚོན་རང་བཞིན་ལྡན་པ། ཡང་ན་མི་སྣའི་གཤིས་ཀའམ། ལས་དབང་ངམ། ཕུགས་འདུན་མཚོན་ཐུབ་པ་དེ་བཀོད་འབྲི་བྱ་དགོས། གསུམ། ཁོར་ཡུག་གི་རྣམ་པ་ཕྲ་མོ་ནི་ག་དུས་མཁོ་ན་དེ་དུས་འབྲི་བ་དང་གང་ལྟར་མཁོ་དེ་ལྟར་བྲི་དགོས།  

ཉིས་བརྒྱ་གྱ་བརྒྱད། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་སྐབས་ཚད་གཞི་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་སྐབས། མི་སྣའི་གཟུགས་བྱད་ཀྱི་རྣམ་པར་བྱེ་བྲག་པ་དང་། བྱ་སྤྱོད་ཀྱི་རྣམ་པ་བྱེ་བྲག་པ་དང་། སྐད་ཆའི་ཁྱད་ཆོས་བྱེ་བྲག་པ་དང་། ཡིད་ཀྱི་འགྱུར་བ་བྱེ་བྲག་པ་དང་། དངོས་པོ་དང་ཡུལ་དུས་ཀྱི་རྣམ་པ་བྱེ་བྲག་པ་སོགས་དམིགས་སུ་བཟུང་ནས་འབྲི་བཞིན་ཡོད་ལ། གང་ལྟར་རྣམ་པ་གང་ཞིག་བྲི་དགོས་རུང་། བདེན་ཁ་མི་འཆོར་བ་དང་དཔེ་མཚོན་རང་བཞིན་ལྡན་པ་ཞིག་ཡིན་དགོས་འདུག

ཉིས་བརྒྱ་གྱ་དགུ། བྱུང་རིམ་ཕྲ་མོ་ནི་བདེན་ཁ་མི་འཆོར་བའི་ངང་ནས་བཀོད་འབྲི་བྱས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་དུ་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་སྐབས། བདེན་ཁ་མི་འཆོར་བ་ལ་དང་དོད་ཆེན་པོ་བྱས་ཏེ། དགོས་གལ་ཆེ་བའི་འཚོ་བའི་རྣམ་པ་བྱེ་བྲག་པ་དང་། མི་སྣའི་རྣམ་པ་བྱེ་བྲག་པ། ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་དམིགས་སུ་བཟུང་སྟེ་འཚོ་བའི་རྣམ་པ་དང་། མི་སྣའི་རྣམ་པ།  ཁོར་ཡུག་གི་བྱ་དངོས་ཀྱི་རྣམ་པ་ནི་ཞིབ་ཆ་ཡོད་པ་དང་རང་ངོས་ཀྱི་ཁྱད་ཆོས་གསལ་བའི་སྒོ་ནས་འབྲི་བར་ནུས་ན། བྲི་བྱའི་རྣམ་པ་དེ་བདེན་ཁ་མི་འཆོར་བའི་ངང་ནས་བརྩམས་ཆོས་ཁྲོད་ལ་འདྲེན་ཐུབ་པ་མ་ཟད། བརྩམས་ཆོས་ལས་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་དེ་གཞན་ལ་མི་ནོར་བ་དང་གཞན་ལ་མ་བསྲེས་པའི་སྒོ་ནས་མཚོན་ཐུབ།

ཉིས་བརྒྱ་དགུ་བཅུ།   སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་དག་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱ་དགོས།

   ལན། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་སྐབས། འཚོ་བའི་རྣམ་པ་བདེན་ཁ་མི་འཆོར་བ་དང་། མི་སྣའི་རྣམ་པ་བདེན་ཁ་མི་འཆོར་བ་དང་། ཁོར་ཡུག་གི་རྣམ་པ་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱ་དགོས་པར་འདོད།

ཉིས་བརྒྱ་གོ་གཅིག   སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་འབྲི་སྐབས་འཚོ་བའི་རྣམ་པ་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱེད་དོན་ཅི།

   ལན། སྒྲུང་གཏམ་ལ་ཁྱད་ཆོས་ལྔ་ཡོད་པ་ན། རྩོམ་པ་པོ་རྣམས་གསར་རྩོམ་གྱི་ལས་ལ་འཇུག་སྐབས། དུས་རབས་མི་གཅིག་པ་དང་། ལས་རིགས་མི་གཅིག་པ། སྤྱི་ཚོགས་གོ་གནས་དང་དཔལ་འབྱོར་ཆ་རྐྱེན་མི་འདྲ་བ། འཚོ་བའི་མོས་འདུན་དང་རིན་ཐང་ལྟ་ཚུལ་མི་གཅིག་པའི་མི་རྣམས་ཀྱི་འཚོ་བའི་རྣམ་པ་དང་ཁྱད་ཆོས་དམིགས་སུ་བཟུང་སྟེ། རང་གི་བརྩམས་ཆོས་སུ་འདྲེན་བཞིན་ཡོད་པའི་མི་སྣ་གང་དང་གང་ཞིག་གི་འཚོ་བའི་གྲུབ་ཆ་དགོས་གལ་ཆེ་བ་རྣམས་ཕྲ་ཞིང་ཞིབ་པ། བདེན་ཁ་མི་འཆོར་བའི་ངང་ནས་བཀོད་འབྲི་བྱ་དགོས་འདུག་ལ། འཚོ་བའི་རྣམ་པ་མཚོན་པའི་བྱུང་རིམ་ཕྲ་མོ་འདི་ལྟར་བཀོད་འབྲི་བྱས་པ་ན། ད་གཟོད་རང་གིས་བྲིས་པའི་བརྩམས་ཆོས་ལ་འཚོ་བའི་རྣམ་པའི་ཐད་ནས་སྒྱུ་རྩལ་གྱི་བདེན་ཁ་མི་འཆོར་བའི་ཁྱད་ཆོས་ལྡན་པར་འགྱུར་ངེས།  

ཉིས་བརྒྱ་གོ་གཉིས། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་འབྲི་སྐབས་མི་སྣའི་རྣམ་པ་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱེད་དོན་ཅི།

   ལན། སྒྲུང་གཏམ་ལ་ཁྱད་ཆོས་ལྔ་ཡོད་པ་ན། རྩོམ་པ་པོ་རྣམས་གསར་རྩོམ་གྱི་ལས་ལ་འཇུག་སྐབས། དུས་རབས་མི་གཅིག་པའི་མི་དང་།   ལས་རིགས་མི་གཅིག་པའི་མི། སྤྱི་ཚོགས་གོ་གནས་དང་དཔལ་འབྱོར་ཆ་རྐྱེན་མི་འདྲ་བའི་མི། འཚོ་བའི་མོས་འདུན་དང་རིན་ཐང་ལྟ་ཚུལ་མི་གཅིག་པའི་མི་རྣམས་ཀྱི་ལུས་ཀྱི་རྣམ་པ་དང་། ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས། དགའ་སྤྲོ་ཆགས་སྡང་གི་འབྱུང་ལུགས་རྣམས་ཀྱི་རྣམ་པ་དང་ཁྱད་ཆོས་དམིགས་སུ་བཟུང་ཞིང་། རང་གི་བརྩམས་ཆོས་སུ་འདྲེན་བཞིན་ཡོད་པའི་མི་སྣའི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། མི་སྣ་དེ་དག་གི་ལུས་ཀྱི་རྣམ་པ་བྱེ་བྲག་པ་དང་། ངག་གི་བཤད་སྟངས་བྱེ་བྲག་པ། ལུས་ཀྱི་བྱ་སྟངས་བྱེ་བྲག་པ། སེམས་ཁམས་ཀྱི་འགྱུར་ལྡོག་བྱེ་བྲག་པ་རྣམས་ལས་དགོས་གལ་ཆེ་བ་ཡོད་ཚད་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་པའི་ཐབས་ལམ་བརྒྱུད་ནས་ཕྲ་ཞིང་ཞིབ་པ། བདེན་ཁ་མི་འཆོར་བའི་ངང་ནས་བཀོད་འབྲི་བྱ་དགོས་འདུག་ལ། བྱུང་རིམ་ཕྲ་མོ་འདི་ལྟར་བཀོད་འབྲི་བྱས་པ་ན། ད་གཟོད་རང་གིས་བྲིས་པའི་བརྩམས་ཆོས་ལ་མི་སྣའི་རྣམ་པའི་ཐད་ནས་སྒྱུ་རྩལ་གྱི་བདེན་ཁ་མི་འཆོར་བའི་ཁྱད་ཆོས་ལྡན་པར་འགྱུར་ངེས།  

ཉིས་བརྒྱ་གོ་གསུམ། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་འབྲི་སྐབས་ཁོར་ཡུག་གི་རྣམ་པ་བདེན་ཁ་མི་འཆོར་བའི་ངང་ནས་འབྲི་དོན་ཅི།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས། རྩོམ་པ་པོ་རྣམས་ཀྱིས་ཁོར་ཡུག་སྟེ་མི་སྣ་འཚར་ལོངས་འབྱུང་བ་དང་ལས་ལ་འཇུག་པའི་གནས་དང་། དོན་དག་འབྱུང་སའི་ཡུལ་དང་དུས། ཉེ་འཁོར་གྱི་གནས་ཚུལ་དང་ཆ་རྐྱེན། རྣམ་པ་སོགས་ལས་མཁོ་གལ་ཆེ་བ་རྣམས་བརྩམས་ཆོས་སུ་ཇི་བཞིན་འདྲེན་དགོས་པ་མ་ཟད། དགོས་གལ་ཆེ་བའི་རྣམ་པ་དང་གནས་ཚུལ་བྱེ་བྲག་པ་རྣམས་ཡུལ་དུས་གཉིས་ཀར་མི་འགལ་བ། རྟགས་མཚན་གསལ་ཞིང་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་བཀོད་འབྲི་ཕྲ་ཞིང་ཞིབ་པ་བྱས་པ་ན། ད་གཟོད་རང་གིས་བྲིས་པའི་བརྩམས་ཆོས་ལ་ཁོར་ཡུག་གི་རྣམ་པའི་ཐད་ནས་སྒྱུ་རྩལ་གྱི་བདེན་ཁ་མི་འཆོར་བའི་ཁྱད་ཆོས་ལྡན་པར་འགྱུར་ངེས།

ཉིས་བརྒྱ་གོ་བཞི། སྒྲུང་གཏམ་གྱི་བྱུང་རིམ་ཕྲ་མོ་ལ་དཔེ་མཚོན་རང་བཞིན་ལྡན་དགོས་དོན་ཅི།

   ལན། སྒྲུང་གཏམ་ལས་མི་སྣ་དང་། ཁོར་ཡུག་དང་། བྱུང་རིམ་བཅས་ཀྱི་རྣམ་པ་དང་ཁྱད་ཆོས་བྱེ་བྲག་པ་གང་དང་གང་ཞིག་བཀོད་འབྲི་བྱེད་སྐབས། རྣམ་པའམ་ཁྱད་ཆོས་བྱེ་བྲག་པ་དེར་འཐུས་ཚབ་རང་བཞིན་ལྡན་པ་མ་ཟད། རྣམ་པའམ་ཁྱད་ཆོས་བྱེ་བྲག་པ་དེ་ལ་བརྟེན་ནས་རྣམ་པའམ་ཁྱད་ཆོས་སྤྱི་དེ་མཚོན་པར་ནུས་ན། བཀོད་འབྲི་བྱས་པའི་བྱུང་རིམ་ཕྲ་མོར་དཔེ་མཚོན་རང་བཞིན་ལྡན་པར་གྱུར་པ་ཡིན། གསར་རྩོམ་ཐད་ཀྱི་ཉམས་མྱོང་དངོས་ལ་གཞིགས་ན། གལ་སྲིད་སྒྲུང་གཏམ་གསར་རྩོམ་བྱེད་སྐབས་བརྩམས་ཆོས་ཀྱི་བརྗོད་བྱའི་ཁྱད་ཆོས་དང་གསར་རྩོམ་གྱི་དམིགས་ཡུལ་གཉིས་ཀར་བསྟུན་ཏེ། འཚོ་བ་དང་། མི་སྣ་དང་། ཁོར་ཡུག་བཅས་ཀྱི་རྣམ་པ་དཔེ་མཚོན་རང་བཞིན་ལྡན་པ་ད་དམིགས་སུ་བཟུང་ནས་བཀོད་འབྲི་བྱས་ན། སྒྲུང་གཏམ་གྱི་བྱུང་རིམ་ཕྲ་མོར་དཔེ་མཚོན་རང་བཞིན་ལྡན་པར་འགྱུར་ངེས།

ཉིས་བརྒྱ་གོ་ལྔ། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་དག་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་བཀོད་འབྲི་བྱ་དགོས།

   ལན། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་སྐབས་འཚོ་བའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པ་དང་། མི་སྣའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པ་དང་། ཁོར་ཡུག་གི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་བཀོད་འབྲི་བྱ་དགོས།

ཉིས་བརྒྱ་གོ་དྲུག སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་ལྟར་བྲིས་ན་འཚོ་བའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པར་འགྱུར།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣའི་འཚོ་བ་རོལ་སྟངས་ལས་དགོས་གལ་ཆེ་བ། མི་སྣའི་འཚོ་བ་རོལ་སྟངས་སྤྱི་ལས་ཀུན་གྱི་འཐུས་ཚབ་ཏུ་རུང་བའི་རྣམ་པ་སྐོར་ཞིག་དམིགས་སུ་བཟུང་སྟེ་བརྩམས་ཆོས་སུ་འདྲེན་པ་དང་། འཚོ་བ་རོལ་སྟངས་བྱེ་བྲག་པ་དེ་དག་རྣམ་པ་གསལ་བ། ཁྱད་ཆོས་ལྡན་པ། སྣང་བརྙན་ཡོད་པའི་སྒོ་ནས་བཀོད་འབྲི་ཞིབ་ཕྲ་བྱས་ན། བརྩམས་ཆོས་སུ་དྲངས་པའི་འཚོ་བའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་ངེས་ཡིན།   

ཉིས་བརྒྱ་གོ་བདུན། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་ལྟར་བྲིས་ན་མི་སྣའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པར་འགྱུར།

 ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་མི་གཤིས་གསེད་པའི་དགོས་མཁོ་དང་བསྟུན་ཏེ། བརྩམས་ཆོས་སུ་འདྲེན་བཞིན་ཡོད་པའི་མི་སྣའི་རྣམ་པ་ལས་ལུས་ཀྱི་རྣམ་པ་སྟེ་གཟུགས་བྱད་དང་རྒྱན་གོས། སེམས་ཀྱི་རྣམ་པ་སྟེ་དགའ་སྤྲོ་ཆགས་སྡང་། སྤྱོད་པའི་རྣམ་པ་སྟེ་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་སྤྱི་ལས་རྣམ་པ་ཀུན་གྱི་འཐུས་ཚབ་ཏུ་རུང་རྣམ་པ་སྐོར་དམིགས་སུ་འཛིན་པ་མ་ཟད། དེ་དག་གི་རྣམ་པ་བྱེ་བྲག་པ་ནི་རྟགས་མཚན་གསལ་བ། ཁྱད་ཆོས་ལྡན་པ། སྣང་བརྙན་ཡོད་པའི་སྒོ་ནས་བཀོད་འབྲི་ཞིབ་ཕྲ་བྱས་ན། བརྩམས་ཆོས་སུ་འདྲེན་གྲབས་ཡོད་པའི་མི་སྣའི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པར་འགྱུར་ངེས་ཡིན།  

ཉིས་བརྒྱ་གོ་བརྒྱད། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་ལྟར་བྲིས་ན་ཁོར་ཡུག་གི་རྣམ་པར་དཔེ་མཚོན་རང་བཞིན་ལྡན་པར་འགྱུར།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོར་དམིགས་ཏེ་མི་སྣ་འཚར་ལོངས་འབྱུང་བ་དང་ལས་ལ་འཇུག་པའི་གནས་དང་། དོན་དག་འབྱུང་བའི་ཡུལ་དང་དུས། ཉེ་འཁོར་གྱི་གནས་ཚུལ་དང་ཆ་རྐྱེན། རྣམ་པ་བཅས་ཀྱི་རྟགས་མཚན་བྱེ་བྲག་པ་རྣམས་ལས་གཅིག་གམ་དུ་མས་ཀུན་གྱི་ཚབ་བྱས་ཆོག་པ་རེ་བདམས་རྗེས། འཐུས་ཚབ་ཏུ་རུང་བའི་ཁོར་ཡུག་དེ་དག་ནི་རྣམ་པ་གསལ་བ། ཁྱད་ཆོས་ལྡན་པ། སྣང་བརྙན་ཡོད་པའི་བཀོད་འབྲི་ཞིབ་ཕྲ་བྱས་ན། བརྩམས་ཆོས་སུ་འདྲེན་བཞིན་ཡོད་པའི་ཁོར་ཡུག་གི་རྣམ་པ་དཔེ་མཚོན་རང་བཞིན་ལྡན་པར་འགྱུར་ངེས་ཡིན།    

ཉིས་བརྒྱ་གོ་དགུ། སྒྲུང་གཏམ་གྱི་བྱུང་རིམ་ཕྲ་མོར་བྱེད་ལས་གང་དག་ཡོད།

   ལན། སྒྲུང་གཏམ་གྱི་བྱུང་རིམ་ཕྲ་མོར་བྱེད་ལས་བཞི་ཡོད་དེ། བརྗོད་སྙིང་ལེགས་པར་སྟོན་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་། བྱུང་རིམ་མཐུད་ཅིང་མི་སྣར་འབྲེལ་བ་འཛུགས་པ་དང་། དུས་རབས་ཀྱི་ཁྱད་ཆོས་ལྡན་ཞིང་བདེན་ཁ་མི་འཆོར་བར་བྱེད་པ་རྣམས་སོ།།

སུམ་བརྒྱ། བྱུང་རིམ་ཕྲ་མོ་ལ་བརྟེན་ནས་བརྗོད་སྙིང་གང་དག་ལེགས་པར་སྟོན་དགོས།

   ལན། སྒྲུང་གཏམ་གང་ཞིག་གསར་རྩོམ་བྱེད་སྐབས། དེ་ཉིད་ལ་དགོས་གལ་ཆེ་བའི་བྱུང་རིམ་ཕྲ་མོ་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་མ་ཟད། བྱུང་རིམ་ཕྲ་མོ་དེ་དག་ཕྲ་ཞིང་ཞིབ་པ་དང་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱས་ན། བརྩམས་ཆོས་ཀྱི་བརྗོད་སྙིང་སྟེ་བརྗོད་བྱའི་དོན་གྱི་སྙིང་པོ་དང་རྩོམ་མཁན་གྱི་བསམ་བློ་གཉིས་ཀ་ལེགས་པར་སྟོན་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ།


[1]བཀྲ་བྷ། 《ནས》2009ལོའི《སྦྲང་ཆར》དེབ་དང་པོ། ཤོག་ངོས51-52ན་གསལ།

[2]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས89-90ན་གསལ།

[3]བཀྲ་བྷ།《འཚུབ་མ་ཁེར་རྐྱང》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས109ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༡༽
  • དོ་སྣང་ཆེ་བའི་རྩོམ།