ཕ་ཡུལ། ཕ་ཡུལ།

ཁམས་སྨྱོན་ཧེ་རུ་ཀ        2020-03-30

    ངའི་ཕ་ཡུལ་ནི་དུག་རྫས་ཀྱིས་མ་ལྷད་པའི་ཞིང་ཁམས་ཏེ། ངའི་ཕ་ཡུལ་ནི་སྲིད་པའི་ནགས་ཀླུང་ཕྱུག་མོས་རབ་ཏུ་བརྒྱན་པའི་གནས་མཆོག་དེ་ཡིན། ངའི་ཕ་ཡུལ་ནི་སད་སེར་གྱི་མ་བཅོམ་པའི་མེ་ཏོག་གི་གྲོང་ཚོ་སྟེ། ངའི་ཕ་ཡུལ་ནི་སེམས་ཀྱི་ཞེན་ཆགས་དང་ཡིད་ཀྱི་འབོད་པ་དེ་ཡིན། གནག་ཕྱུགས་དང་ལུག་ཁྱུ། གཅན་གཟན་དང་རི་དྭགས།འདབ་ཆགས་དང་བྱ་རིགས། འདི་དག་ནི་ངའི་ཕ་ཡུལ་ན་རང་དབང་དུ་རྒྱུ་བའི་མངའ་ཐང་ཡིན། ཕ་ཡུལ་ལ་གཟི་བྱིན་ཕུན་སུམ་ཚོགས་པའི་གནས་ཆེན་པདྨ་མཐོང་གྲོལ་ལྷང་ངེར་བརྗིད་ཉམས་ལྡན་པ་ཡོད་ལ། འཁོར་ལོ་བདེ་མཆོག་རང་བྱོན་དང་། སློབ་དཔོན་པདྨ་འབྱུང་གནས་དང་ཆོས་རྗེ་ཀརྨ་པ། དྲུང་རྨ་སེ་བློ་གྲོས་རིན་ཆེན་སོགས་སྐྱེས་ཆེན་དུ་མའི་སྒྲུབ་ཕུག་ཡོད། དག་གཙང་གི་རྫ་ཆབ་དང་། མ་བཅོས་ལྷུན་གྱི་གྲུབ་པའི་རི་ལུང་ནགས་གསུམ། རྩྭ་རྩི་ཤིང་དང་སྨན་སྣ་ཚོགས་གང་ཞིག་ཡིད་སེམས་གཅིག་ཅར་དུ་འཕྲོག་པའི་མི་ཡུལ་གྱི་དག་ཞིང་དངོས། ད་དུང་ཆེས་འཇམ་བསིལ་བསིལ་གྱི་ཁ་དབུགས་དྭངས་མོ་ཡོད་པས། སྐྱེ་འགྲོ་མང་པོའི་ཡིད་དབང་འཕྲོག་ཡོད།

     མི་སུ་དང་སུ་ཞིག་ཡིན་རུང་རང་གི་ཕ་ཡུལ་ལ་བརྩེ་སེམས་མེད་པ་ཞིག་ཕལ་ཆེར་ཡོད་མི་སྲིད། ལྷག་པར་དུ་ཕ་ཡུལ་དང་རྒྱང་ཐག་རིང་པོར་སོང་བའི་མི་དག་ལ་ཕ་ཡུལ་ལ་བརྗོད་མི་ཤེས་པའི་བརྩེ་སེམས་ཤིག་ཡོད་པ་ནི་དེ་བས་ཀྱང་སྨོས་ག་ལ་དགོས། ཁོ་བོར་མཚོན་ན་ཆུང་བྱིས་པའི་དུས་ནས་ཕ་ཡུལ་ནས་ནར་སོན་ཞིང་། ཕ་ཡུལ་གྱི་རི་ཀླུང་ཀུན་ལ་རྐང་རྗེས་བཞག དེ་ནས་རིམ་བཞིན་ནར་སོན་པ་དང་ཕ་ཡུལ་ལས་ཁ་བྲལ་དགོས་བྱུང་ཞིང་། བལྟོས་ས་ལྟོས་འཇོག་གི་ཕ་ཡུལ་ལ་བྲལ་ཐེངས་རེ་རེར་ཕ་ཡུལ་ལ་ཞེན་ཆགས་ཀྱི་གདུང་བ་དེ་ཡང་རྒྱ་ཇེ་ཆེར་འགྲོ་བའི་ཚོར་སྣང་རྒྱས་ཀྱི་འདུག དམ་པ་མང་པོ་ཞིག་གིས་ཕ་ཡུལ་ནི་བདུད་ཀྱི་བཙོན་རར་ངོས་འཛིན་བྱེད་མོད། དེ་ནི་མི་ཚེའི་རིན་ཐང་གི་ལྟ་བ་མ་འདྲ་བར་འདོད།

    ངས་ཕ་ཡུལ་གྱི་རི་ཀླུང་ནགས་གསུམ་དང་། ཡུལ་མི་སྤུན་མཆེད། སྒོ་ཕྱུགས་རི་དྭགས། སྐྱ་ལམ་ཕྲ་མོ་སོགས་ལ་བརྗོད་དཀའ་བའི་བརྩེ་སེམས་ཤིག་དང་བྲལ་དཀའ་བའི་འདུན་པ་ཞིག་གིས་བཟུང་སྟེ། ཐ་ན་ཕ་ཡུལ་གྱི་མིང་ཙམ་ཐོས་མ་ཐག་ཏུ་བརྩེ་སེམས་ཀྱི་བ་སྤུ་གཡོ་ཞིང་། ཡིད་ཀྱི་རྒྱ་མཚོའི་ངོགས་སུ་གདུང་བའི་རྦ་ཀློང་ཞིག་ངང་གིས་འཕྱུར་བཞིན་འདུག ཆ་མེད་རྒྱུས་མེད་ཀྱི་གཞན་ཡུལ་ནས་ཐ་ན་ཕན་ཚུན་བར་སྐད་ཆ་ལབ་ཚུལ་ཐད་ཅུང་ཟད་མི་འདྲ་བར་འཕྱ་སྨོད་སྣ་ཚོགས་བརྗོད་ཡོང་། ང་ཚོ་གཞན་སྐད་ཀྱི་རྗེས་སུ་འགྲོ་ཅི་ཐུབ་བྱེད་ཀྱིན་ཡོད་རུང་། སྐབས་རེ་རང་ཡུལ་ལ་འབྱོར་སྐབས་ཕུ་ནུ་མིང་སྲིང་ཚོ་ལ་གཞན་གྱི་སྐད་ཆ་རེ་གཉིས་ཤོར་བར་ཁོ་ཚོས་ཀྱང་འཕྱ་སྨོད་བྱེད་ཀྱིན་ཡོད། དེ་ནི་ངའི་བོད་ཡུལ་སྟོད་སྨད་ཀུན་ལ་ཡུལ་སྐད་བར་དུ་བཅད་ཡོད་པས་ཡིན།

     ངའི་ཕ་ཡུལ་ནི་གནའ་དུས་སུམ་པའི་ཁོངས་གཏོགས་ཤིག་ཡིན་སྟབས་གནའ་དུས་ཀྱི་སུམ་པའི་རྒྱལ་ཁམས་ཀྱི་སྙན་གྲགས་དང་། སུམ་བོན་སོགས་ཆེས་ཆེར་དར་མོད། འོན་ཀྱང་ལོ་རྒྱུས་ཀྱི་ཆགས་འཇིག་སྣ་ཚོགས་ཁྲོད་རིམ་བཞིན་ཡལ་བར་གྱུར་ཏེ། ད་ལྟའི་དུས་ལ་ཡུལ་མི་ཚོས་སུམ་པ་ཞེས་པ་ནི་ཐ་ན་མིང་ཙམ་ཡང་མི་ཤེས་པ་དང་། དཔེར་ན་ང་ཚོའི་ཕ་མེས་ཚོས་བསྒྲུབས་པའི་ཆོས་ནི་སུམ་བོན་ཞེས་པ་དེ་རེད་ཅེས་ལབ་ན་ད་ལྟ་ང་ཚོས་ཕ་མེས་ཚོ་ནི་ཆོས་ལོག་ཅིག་སྒྲུབ་མཁན་ལ་ངོས་འཛིན་བྱ་སྲིད། དེ་ནི་ཆེས་གནའ་དུས་ཀྱི་ཕ་མེས་ཚོའི་ལོ་རྒྱུས་མ་རྟོགས་པ་ཡིན་ནོ། །


  • ལེ་ཚན་སྔོན་མ།:ལྭ་དཀར་གྱོན་པའི་རུ་དཔུང་།
  • ལེ་ཚན་རྗེས་མ།:​ཨ་མའི་སེམས།