ལྭ་དཀར་གྱོན་པའི་རུ་དཔུང་།

ལོ་ཤུལ་བཀྲ་ནོར།        2020-03-27

ལྷག་ཏུ་འཁྱག་པའི་ད་ལོའི་དགུན་ཁ་འདི་ནི་ས་རུབ་ཁའི་མུན་པ་ལྟར་འཇིགས་སྣང་དང་སེམས་ཁྲལ་གྱིས་ཁེངས་བའི་འཕྲུལ་སྣང་གི་འདྲེ་ར་ཞིག་དང་མཚུངས་ཨང་། ཏག་ཏག་དགུན་གྱི་ས་ཚིགས་འདིར་གློ་བུར་དུ་སླེབས་པའི་ནད་ཡམས་ཀྱི་འཇིགས་པ་དེ་རྫུ་འཕྲུལ་ཅན་ཞིག་གིས་མཐུ་བཏང་བ་བཞིན་མཁའ་རླུང་དང་ཉི་འོད་ཀྱི་དབྱིངས་སུ་བསྐུངས་ནས་མིའི་རིགས་ཀྱི་ཚེ་སྲོག་གི་ཐག་པ་དུམ་སེ་གཅོད་པའི་མཚོན་ཆ་རྣོན་པོ་ཞིག་མངོན་མེད་འཛེམ་མེད་དུ་ཟུག་འོང་། ཤིན་ཏུ་མྱུར་བའི་ནད་ཡམས་ཀྱི་དགྲ་བོས་མིའི་རིགས་ཀྱི་ཚེ་སྲོག་ལ་གཡོ་འཛུལ་དྲག་པོས་ཕྱི་རོལ་གྱི་གཡུལ་ས་ལས་དེད་དེ་རང་ཁྱིམ་གྱི་མཁར་རྫོང་དུ་བཙུད་བཞག་པ་ནི་ཛ་དྲག་ཏུ་མཆིས་ལ་ད་དུང་མིའི་རིགས་ཀྱི་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་འཕྲོག་སོང་བ་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་མ་རེད་དམ།

དུས་དེར་ནད་དུག་གི་མེ་སྟག་ཚ་ཞིང་བསྲེགས་པའམ་མྱུར་ཞིང་རྒོད་པ་ཞིག་མེ་ལྕེ་ལྡིང་བ་བཞིན་ང་ཚོའི་ཤིན་ཏུ་སྲབ་པའི་ཚེ་སྲོག་གི་རྩྭ་སྐྱ་སྲབ་མོར་ཟིན་དུས་ཚེ་སྲོག་ཡོད་ཚད་ནི་ཇི་འདྲའི་ཉམ་ཆུང་ཞིང་འཇིགས་ཡེར་བ་ཞིག་རེད་ཨང་། འདི་ལྟར་འཆི་བདག་ལ་ཤིན་ཏུ་སྐྲག་པའི་མིའི་རིགས་ནི་གཡུལ་ས་སྐྱི་གཡའ་བ་འདི་ནས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས་བྱང་ཐང་གི་འབྲོང་ཁྱུ་དཔའ་ཚུགས་ཅན་ཞིག་དང་མཚུངས་པའི་མིའི་རིགས་ཀྱི་བདེ་ཐང་གི་སྙིང་སྟོབས་རང་གིས་ཁུར་བའི་དཔའ་བོ་དཔའ་མོ་འགས་གོས་དཀར་གྱི་མཚོན་སྲུང་གྱོན་ནས་ནད་དུག་གི་འཐབ་ར་རུ་རང་སྲོག་བློས་གཏོང་མཁན་མེད་པ་མ་ཡིན་ཏེ།ཐུན་མོང་གི་ལྷག་བསམ་དང་སྙིང་སྟོབས་ཁུར་བའི་ལྷ་རྗེ་ཁོ་ཚོ་ནི་དགྲ་བོའི་མེ་མདར་ཁ་གཏད་དང་གདོང་མཆོང་བྱས་པ་ལྟར་ལག་རྡང་སྦྲེལ་ནས་མཐའ་མཇུག་གི་དུར་ས་ལྟ་བུའི་ནད་དུག་གི་གྲོང་ཁྱེར་ནས་ཕྱི་ནུར་མི་བྱས་སྐབས། མི་རེའི་ཞེ་ཁོག་དང་སེམས་སུ་དྲན་ཡོང་བ་ནི་ཤིན་ཏུ་གཅེས་ཤིང་བརྩེ་བའི་ཁོང་ཅག་གིས་མིའི་རིགས་ལ་ཕུལ་བའི་བརྩེ་དུང་གི་དཔའ་སྤོབས་ཡིན། དེ་ལྟར་ཉིན་མཚན་དུས་དྲུག་གི་དཀའ་སྡུག་ལུས་སེམས་སུ་གྱོན་པའི་སྨན་པ་བཟང་པོ་ཁོ་ཚོས་ང་ཚོ་ལ་མི་རིགས་ཤིག་གི་མཐའ་ཡས་པའི་རེ་བ་དང་རྒྱལ་ཁབ་ཅིག་གི་འབྱུང་འགྱུར་གྱི་བདེ་སྐྱིད་མངོན་ཡོང་།

འདི་ལྟར་ཁ་ཤུབས་སྔོན་པོ་གྱོན་ཞིང་ལྭ་བ་དཀར་དཀར་གྱོན་ལ་མིག་ཆུ་ཤམ་ཤུམ་བཞུར་བའི་སྨན་པ་རྣམས་ཀྱིས་ནུབ་ཁའི་མུན་པ་དང་ཞོགས་པའི་སྐྱ་རེངས་ལ་གཤིབ་པའི་བརྩེ་བ་དང་བརྩོན་སེམས། རྟུལ་ཕོད་ཡོད་ཚད་འཛམ་གླིང་ལ་བཞག་པའི་ཚེ་སྲོག་གི་གཏོང་ཕོད་དང་སྤུན་ཟླའི་སྲོག་ལ་བརྩི་མཐོང་ཕོད་པའི་ཁྱེད་ཅག་གི་རུ་དཔུང་ནི་ང་ཚོ་མིའི་རིགས་ཀྱིས་བརྗེད་ག་ལ་རུང་། མི་ལོ་ག་ཚོད་ཅིག་གི་རྗེས་ནས་ལྷ་རྗེ་རེ་རེའི་འོད་དུ་འབར་བའི་ཚེ་སྲོག་མཆོད་མེ་རེ་རེ་འཇིག་རྟེན་ནས་གཟིམ་ཡང་མཛད་པ་དང་སྙིང་སྟོབས་སྔར་བཞིན་འཇིག་རྟེན་དུ་འཚོ་ཞིང་།མི་རིགས་དང་རྒྱལ་ཁབ་ཀྱི་རྒྱུ་འབྲས་ཀྱི་ཡིག་ཚང་དུ་ཁྱེད་ཅག་གི་མཚན་བྱང་དང་གཟི་བརྗིད་ལྷང་ངེར་འགྱིང་ངོ་།།

  • ལེ་ཚན་སྔོན་མ།:ཏོག་དབྱིབས་ནད་དུག་དང་གོས་དཀར་ལྷ་ཡི་ཕོ་ཉ།
  • ལེ་ཚན་རྗེས་མ།:ཕ་ཡུལ། ཕ་ཡུལ།