གནད་འགག་གི་སྐབས་སུ་ང་ཚོར་གཞན་ལས་ལྷག་པའི་ཁྱད་ཆོས་ལྡན་དགོས།

ལི་སྨད་ཉི་གཞོན།        2020-02-20

    ཏོག་དབྱིབས་ཀྱི་ནད་དུག་གམ་གློ་ནད་གསར་བའི་ནད་དུག་འདི་ནི་བྱ་མ་བྱེའུའམ་ཕ་ཝང་གཙོ་བྱས་པའི་སྲོག་ཆགས་རྣམས་ཀྱི་ལུས་སྟེང་ནས་མི་རུ་འགོས་པ་ཞིག་རེད། ཆེད་མཁས་པའི་གསུང་པ་ལྟར་ན་ནད་དུག་དེ་ནི་མི་རྣམས་ཀྱིས་སྲོག་ཆགས་དེ་དག་གི་ཤ་བཟས་ནས་བྱུང་བ་རེད་ཅེས་གསུང་བཞིན་འདུག

གང་ལྟར་ནད་ཡམས་འདི་ཝུའུ་ཧན་ནས་མགོ་བརྩམས་ཏེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་དང་ཁྱབ་བཞིན་པའི་སྐབས་འདིར་ང་ཚོས་ཅིས་ཀྱང་རང་གི་བྱ་སྤྱོད་ལ་གཟབ་ནན་དགོས།གནད་འགག་གི་སྐབས་སུ་རང་ཚུགས་ཟིན་པ་ནི་མི་རིགས་ཤིག་གི་ཁྱད་ཆོས་ངོ་མ་དེ་ཡིན།

  གཅིག རིམས་ནད་སྔོན་འགོག་ལ་གཟབ་དགོས།

    གསར་བྱུང་གློ་ཚད་དམ་ཏོག་དབྱིབས་ནད་དུག་ནི་འགོ་ཤིན་ཏུ་སླ་བའི་ནད་དུག་ཅིག་ཡིན་ལ། ཐ་ན་ཁ་རླངས་བརྒྱུད་ནས་ཀྱང་ཕན་ཚུན་ལ་འགོ་ཐུབ་པས། ང་ཚོས་ཅིས་ཀྱང་ཁ་ཤུབས་ཚད་ལྡན་གྱོན་རྒྱུ་གལ་ཆེ།ནད་རིགས་འདི་ནི་སྲོག་ཆགས་ཀྱི་ལུས་སྟེང་ནས་བྱུང་བ་ཡིན་པས་སྒོ་ཕྱུགས་དང་གཅེས་རྟེན་གྱི་ཁྱི་དང་ཞི་ལ་སོགས་ལ་རེག་ན་ངེས་པར་དུ་ལག་པ་བཀྲུ་དགོས།

    ལག་པ་འཁྲུད་སྐབས་འདག་རྫས་བཀོལ་བ་དང་རྒྱུག་ཆུའི་ནང་དུ་བཀྲུ་དགོས།ཁྱིམ་དང་རླངས་འཁོར་སོགས་ཀྱི་ནང་ཆང་བཅུད་སོགས་ཀྱིས་དུག་སེལ་ནན་མོ་བྱེད་དགོས།

    མིག་སྔར་ནད་དུག་འདི་འགོ་རྗེས་ཀྱི་ནད་རྟགས་ནི། གློ་ཚད་སློང་བ་དང་ཚ་བ་རྒྱས་པ། སྐམ་གློ་ལུ་བ། དབུགས་འཚང་བ་སོགས་ཀྱི་མཚོན་རྟགས་ཡོད་པས་ང་ཚོ་རང་གཞན་ཚང་མའི་ཆེད་དུ་མི་མང་འདུས་སར་མི་འགྲོ་བ། འགྲོ་ན་ཁ་ཤུབས་གྱོན་པ། ཅ་ནེ་དང་ཟ་ཐུར་སོགས་མཉམ་སྤྱོད་མི་བྱ་བ།ནད་དུག་དེ་ནི་ལུས་ཟུངས་བཟང་བའི་མི་ལ་ཉིན༡༤ཙམ་གྱི་རིང་ལ་ནད་རྟགས་མི་མངོན་པས་དོགས་ཟོན་བྱེད་རྒྱུ་གལ་ཤིན་ཏུ་ཆེ།ད་དུང་ཝུའུ་ཧན་ན་ལས་ཀ་གཉེར་མཁན་དང་སློབ་སྦྱོང་བྱེད་མཁན་སོགས་མི་མང་པོ་ཞིག་ཕ་ཡུལ་ལ་འོང་བཞིན་འདུག དེ་རྣམས་ཀྱིས་རང་ངོས་ནས་ཟླ་ཕྱེད་རིང་ལ་ཁྱིམ་མི་སོགས་མི་གཞན་པར་འབྲེལ་འདྲིས་མི་བྱེད་པ།གལ་ཏེ་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ལྟར་སྨན་ཁང་དུ་འགྲོ་ཞིང་རང་གི་གནས་ཚུལ་གསལ་བོ་བཤད་པ་གལ་ཤིན་ཏུ་ཆེ།

     གཉིས། རྫུན་གཏམ་འུད་བརྗོད་ལ་གཟབ་དགོས།

     མི་ལ་གནམ་རྡིབ་ན་ཁྱི་ལ་ལོ་ཡག་ཞེས་པ་ལྟར་མི་ལ་ལས་གོ་སྐབས་འདི་དག་བཙལ་ནས་གསར་འགྱུར་རྫུན་བཟོ་དང་གཏམ་འཁྱར་འུད་སྒྲོག་བྱས་ཏེ།སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་འདུག  མི་ལ་ལས་ཆོས་ལུགས་སོགས་བེད་སྤྱད་དེ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ༼  དྲྭ་གྲགས网红༽ དྲྭ་ལམ་ནས་ནད་རིགས་འདི་འགོག་པའི་ནུས་པ་ཡོད་ཟེར་བ་དང་ནད་དུག་གཞན་ལ་བསྒོ་བ་ཡིན་ཟེར་བ་སོགས་ཀྱིས་མི་ལ་ཉེ་ལམ་གཞུང་ཕྱོགས་ནས་ཆད་པ་ནན་མོ་གཅོད་བཞིན་འདུག་པས་སོ་སོའི་རང་ཁ་སྒོ་མོའི་ནང་གི་རང་སྲོག་གཅོད་པའི་སྟ་རེ་ལ་གཟབ་དགོས།

ང་ཚོ་བོད་མིར་མཚོན་ན་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པའི་སྙིང་སྟོབས་ཤིག་ཡོད་པས། ང་ཚོས་ཝུའུ་ཧན་གཙོ་བྱས་པའི་ཚེ་འདས་དག་ལ་བསྔོ་སྨོན་དང་ནད་པ་རྣམས་མྱུར་དུ་ནད་ལས་གྲོལ་བའི་བཅའ་བ་རིམ་གྲོ།ནད་དུག་མ་འགོ་བ་དག་ལ་ནད་དུག་འགོག་པའི་རིམ་གྲོ་སྒྲུབ་པ་ནི་གལ་ཆེ།

ཁ་ཞེ་གཉིས་མེད་ཀྱིས་གདུང་སེམས་མཉམ་སྐྱེད་བྱ།     


  • ལེ་ཚན་སྔོན་མ།:ཨ་མའི་སེམས།
  • ལེ་ཚན་རྗེས་མ།:ནད་ཡམས།