བརྩེ་སེམས་རྒྱ་མཚོ་སྐྱོམ་པའི་དྲན་པ།

སྐལ་བཟང་ནོར་བུ།        2020-01-10

ལས་ཀྱིས་བསྐོས་པའི་སྙིང་གི་འཁྲི་ཤིང་སྟེ།།

སེམས་སུ་བཏབས་པའི་རེ་བའི་མེ་ཏོག་ཉིད།།

འཇིག་རྟེན་མི་ཡུལ་ཁམས་ཀྱི་གྲུ་ཟུར་ནས།།

ཞེ་མཐུན་སྲོག་གི་སྐྱ་ཡ་བདེ་ལེགས་སམ།།

གྱེས་པའི་མིག་མདངས་ཞེ་ལ་ཟུག་པ་ཡི།།

དམ་ཚིག་རི་མོ་རྡོ་བར་བཏབས་པའི་ཉིན།།

ཞལ་གྱི་པད་མོ་མཐོང་ཡུལ་མ་གྱུར་བར།།

ལོ་ཟླའི་ཁུད་ཀྱི་དྲན་པ་མཆི་མས་སྦངས།།

དཔྱིད་ཀྱི་དཔལ་མོའི་ལང་ཚོ་རྒྱས་པ་དང།།

དཔྱིད་མགོའི་མེ་ཏོག་འཕྱོར་སྒེག་ངོམས་པ་ཡིས།།

དྲན་པའི་ངོགས་ཀྱི་སེར་ཆེན་མེ་ཏོག་ཁྱོད།།

དྲན་པའི་སྙེ་མ་རྒྱ་མཚོའི་རླབས་ལྟར་གཡོ།།

མཚན་མོའི་ཟླ་འོད་ངོགས་ལ་ཡུན་རིང་ཅེར།།

ཟླ་བའི་ཞུན་མར་འཁུམས་པའི་ཁྱོད་ཞལ་ཡང་།།

ཡིད་ཀྱི་མཁའ་རུ་དལ་གྱིས་འཆར་བ་ཡིས།།

རྨི་ལམ་ཞིང་ནས་མིག་ཆུའི་གཙང་བོ་བྲུག།


གནས་ལྔ་རིག་པའི་ཤེས་བྱའི་སྡིངས་ཀ་རུ།།

བརྩོན་པའི་གོ་ཆ་ཐོགས་པའི་ནེའུ་ལྡང་ཁྱོད།།

ཉིན་མཚན་ཁོར་མོ་ཡུག་ཏུ་ཕུགས་རེའི་ཆེད།།

ཧུར་གྱིས་འཇུག་པ་ཁོ་བོའི་སེམས་སུ་གསལ།།

ཁྲེལ་ལྡན་གཞུང་བཟང་བག་ཡོད་ཚུལ་འཛིན་པ།།

གཏན་གྱི་འདུན་མ་བཅོལ་བའི་སྙིང་མཐུན་གང་།།

བར་ཐག་རི་ཆུ་སྟོང་གིས་བསྐལ་ན་ཡང་།།

བརྩེ་བའི་འདབ་མར་དྲོད་ཀྱི་ཟིལ་བ་ཐོགས།།


  • ལེ་ཚན་སྔོན་མ།:ཨ་མ་སྙིང་ནས་དྲན་བྱུང་།
  • ལེ་ཚན་རྗེས་མ།:​བར་ཐག