གཞི་ཚང་ཟླ་བ་གྲགས་པ། 2020-01-10
སྡུག་འཁོར་བ་འདི་སྡུག་རབས་ཤེས་ཀྱང་།།
སྐྱིད་བདེ་ཆེན་གྱི་དགེ་རྩ་མ་སོགས།།
གནས་ཁམས་གསུམ་གྱི་འགྲོ་དྲུག་ཕ་མ།།
དགྲ་འཆི་བདག་གི་ཞགས་ནས་ཐར་དཀའ།།
བུ་མ་གཡང་གི་སྐྱབས་གཅིག་ཨ་མ།།
ཚེ་མི་རྟག་གིས་ཕྱི་མར་ཁྲིད་སོང་།།
བུ་དྭ་ཕྲུག་གི་སེམས་ཁ་མ་ནོན།།
དྲིན་ཨ་མ་ཁྱེད་སེམས་ནས་དྲན་བྱུང་།།
མ་དྲིན་ཆེན་ཁྱེད་མཇལ་ན་འདོད་ཀྱང་།།
ཚེ་འདི་ཕྱི་ཡིས་བར་ཐག་ཕྱེས་འདུག།
མ་མ་མཇལ་གྱི་ལོ་ཟླ་ཞག་དུས།།
བུ་མ་གཡང་ངས་ཨ་མ་དྲན་བྱུང་།།
དུས་སྙིགས་མ་འདི་དུག་ལྔ་རང་རྡོལ།།
བུ་ཤ་ཆད་ཀྱང་ཆུ་ནང་གཡུག་ཕོད།།
བུ་མ་གཡང་ང་སྲོག་བཞིན་གཉོར་ནས།།
དྲིན་ཨ་མ་ཁྱེད་དཀའ་ལས་ཆེ་སོང་།།
མགོན་མཚན་ལྡན་གྱི་བླ་མའི་སྐུ་མདུན།།
བཀའ་གདམས་ངག་གི་དཔལ་ལ་རོལ་ཏེ།།
དྲིན་ཕ་མ་ཚོའི་བཀའ་དྲིན་རིག་དུས།།
མ་དྲིན་ཆེན་མ་ལྷག་ཏུ་དྲན་བྱུང་།།
ལུས་ན་ཚོད་ནི་ང་ལས་ཆེ་ཡང་།།
དྲིན་ཨ་མ་ཞེས་འབོད་པ་གོ་ན།།
རྐྱེན་བྲོ་ནད་ཀྱིས་གཞན་ཡུལ་དྲངས་པའི།།
མ་དྲིན་ཆེན་ཁྱེད་ལྷག་ཏུ་དྲན་བྱུང་།།
ཆུང་བྱིས་དུས་ཀྱི་བག་མེད་འདུར་རྒོད།།
དྲིན་ཨ་མ་ལ་གུས་མེད་བསམ་ན།།
སེམས་ཕྱི་ནང་ལ་འགྱོད་གདུང་ཁྱབ་སྟེ།།
མ་དྲིན་ཆེན་ཁྱེད་ལྷག་ཏུ་དྲན་བྱུང་།།
ཡུལ་ས་ཁུག་གི་འདྲ་དུང་ལུང་ནང།།
སྐྱིད་མ་བུ་ཡི་མཉམ་འཛོམ་རྣམ་པ།།
སྙིང་མཆོང་གུར་དུ་གསལ་ལེར་འཆར་དུས།།
མ་དྲིན་ཆེན་ཁྱེད་ལྷག་ཏུ་དྲན་བྱུང་།།
བུ་མ་གཡང་ང་ལོ་ན་སོན་ཏེ།།
དྲིན་ཕ་མ་ཡི་དྲིན་ངོ་ཤེས་དུས།།
དྲིན་ཨ་མ་ཁྱེད་ས་སྟེང་མི་འདུག།
བུ་བསོད་ཟད་ང་ཤིན་ཏུ་སྐྱོ་ཨང་།།
མ་དྲིན་ཆེན་ཁྱེད་འཁོར་འདས་གར་ཡོད།།
གནང་དེ་ག་ནས་ང་གཡང་ཨེ་གཟིགས།།
ལོ་ཡུན་རིང་གི་བསགས་བཟང་དགེ་ཚོགས།།
སེམས་རྣམ་དག་གིས་མཆོད་འབུལ་བྱས་ཡོད།།
དྲིན་ཨ་མ་ཡིས་ཤེས་རྟོགས་ཨེ་བྱུང་།།
ཕྱི་ཚུལ་གོས་ནས་ནང་ཁྲིམས་བླངས་ཉིན།།
ཤག་སྤྱིལ་ཆུང་ལ་སུན་སྣང་མ་སྐྱེས།།
སྡོམ་དམ་ཚིག་ལ་ཉམས་ཆག་མ་བྱུང་།།
སྐྱབས་དཀོན་མཆོག་ལ་དད་པས་ཟིན་ཡོད།།
ལས་རྒྱུ་འབྲས་ལ་ཐེ་ཚོམ་ཤོར་མེད།།
ཕ་ཨ་ཅེ་ལ་བརྩེ་བས་བཀུར་ཡོང་།།
བཀའ་གཞུང་ལུགས་ལ་ཅི་ནུས་འབད་ཡོང་།།
འཆི་བར་དོ་ཡི་སྒོ་ཁར་འགྲིམ་ཉིན།།
ཚུལ་ནང་ཁྲིམས་འདི་བསྐྱུར་ན་མ་གཏོགས།།
གསོན་དལ་རྟེན་གྱི་རིན་ཆེན་ནོར་བུ།།
གཅེས་ཉར་ཚགས་ཀྱིས་གས་ཆག་མི་གཏོང་།།
དྲིན་ཨ་མ་ལ་གང་ཞུས་སེམས་གཏམ།།
རྫུན་གཡོ་སྒྱུ་ཡིས་མགོ་མཇུག་ཤན་མེད།།
བདེན་དམ་ཚིག་གིས་དཀར་པོ་བྱས་འདི།།
བུ་མ་གཡང་གི་ལོ་སར་ལེགས་སྐྱེས།།
རྩོམ་གསར། 10