ཉིན་ཐོ།

རིན་ཆེན་མཚོ།        2019-12-25

ཁ་བྱང་འདི་མཐོང་དུས་ཁྱེད་ཚོའི་སེམས་ལ་འདི་ནི་རྒྱུན་དུ་དགེ་རྒན་གྱིས་ང་ཚོར་བཀོད་སྒྲིག་བྱས་པའི་ལས་བྱ་དེ་རེད།འདི་ལ་འབྲི་རྒྱུ་ཅི་ཞིག་ཡོད་སྙམ་ཡང་སྲིད།དེ་ནི་ཁྱེད་ཚོས་ཉིན་ཐོའི་རིན་ཐང་མ་ཤེས་པའི་མཚོན་རྟགས་ཤིག་རེད།ཉིན་ཐོ་ནི་ཉི་མ་རེ་རེའི་དོན་དག་འགོད་སའི་བརྗེད་མེད་ཕྱིར་དྲན་གྱི་ཟིན་ཐོ་ཡིན།ཉིན་ཐོ་ཐེངས་མང་པོ་བྲིས་ནས་གོམས་གཤིས་སུ་གྱུར་སོང་ན།ད་གཟོད་ཉིན་ཐོའི་རིན་ཐང་རྟོགས་སྲིད།

ཉིན་ཐོ་བྲིས་ན་ཁེར་རྐྱང་གི་འཚོ་བ་མེད་ཅིང་སུན་སྣང་གི་ཉིན་མོ་ཡང་མེད།ལྷག་པར་གྲོགས་མེད་ཁེར་རྐྱང་གི་མི་ཞིག་ཡིན་ན།སེམས་ཀྱི་དགའ་སྐྱོ་ཚང་མ་ཁོ་ལ་བརྗོད་ཆོག དེའི་ཕྱིར་ང་ལ་མཚོན་ན་ཉིན་ཐོ་ནི་རང་ལ་ཕན་འདོགས་མཁན་གྱི་སྐྱེས་བུ་དམ་པ་ཞིག་དང་གཉིས་སུ་མ་མཆིས།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་བགྲང་བྱ་དྲུག་ལ་སྐྱིད་སྡུག་མཉམ་མྱོང་བྱས་པའི་བརྩེ་བའི་སློབ་གྲོགས་རྣམས་རང་རང་གི་འདོད་པ་ལྟར་ལམ་བུ་རེ་བསྙེགས་ནས་བུད་སོང་།སློབ་ཆུང་མཐར་ཕྱིན་རྗེས་ཀྱི་ལོ་ངོ་གཅིག་གི་རིང་ངམ་སྙིང་གཏམ་བརྗོད་ས་མེད་པའི་ཉི་མ་རེ་རེ་ལ།ངས་འབྲི་དེབ་དང་སྨྱུ་གུ་ལ་བསྟེན་ནས་ཉིད་ཀྱི་འཚོ་བའི་དགའ་སྐྱོ་ཟིན་ཐོར་བཀོད།ངས་སྙིང་གཏམ་ཡོད་ཚད་མ་གསང་བར་ཉིན་ཐོ་ལ་བརྗོད།རྒྱུ་མཚན་ཉིན་ཐོ་ལ་སྙིང་གཏམ་བརྗོད་པ་ནི་མི་ཞིག་ལ་བརྗོད་པ་ལྟ་བུའི་ཞེད་སྣང་སྤུ་ཙམ་ཡང་མེད་ལ།ཉིན་ཐོའི་ངའི་མི་ཚེ་ལ་རིན་ཐང་བསྩལ།ངའི་འཚོ་བ་ལ་ལྷིང་འཇགས་བསྐྲུན།

ཉིན་ཐོ།ཁྱེད་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ།ཁྱེད་ནི་ངའི་གསང་བ་ཡང་ཡིན།ཁྱེད་ནི་མི་ཚེའི་དགའ་སྐྱོའི་གླུ་གར་འཁྲབ་སའི་གར་སྟེགས་ཤིག་གོ །

  • ལེ་ཚན་སྔོན་མ།:སྦྲང་མ།
  • ལེ་ཚན་རྗེས་མ།:མ་ཡུམ་ལགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ