སྟོང་བསམ་ངོ་གཉིས་མ།

བཀྲ་ཤིས་ཆོས་ལྡན།        2019-12-09

                 གཅིག

ཞོགས་པ་དེར། སྨིན་མཚམས་སུ་ཉར་བའི་འཇིག་ལ་ཉེ་བའི་མར་མེ་རྐང་གཅིག་དེས། རེས་གསལ་རེས་མོག་གི་འོད་ཟེར་སྣ་ཚོགས་ཤིག་འགྱེད་ཡོང་དུས། རྣམ་ཤེས་ཀྱི་ནང་ཁྲོལ་ལ་སྦྲེལ་བའི་སྣང་བརྙན་སྐྱ་བོ་དེ་དག་རིམ་བཞིན་དོད་འོང་རུང་། སྦྲ་ནག་གྲུ་བཞིའི་རྩེ་རིམ་ན་ལྡང་གིན་པའི་རླུང་རྟ་ཟད་པོ་དེར་འགོས་བའི་ནད་ཡམས་ལས། སླར་ཡང་རྒྱུན་ལྡན་མ་ཡིན་པའི་ཚོར་བ་སྟུག་པོ་ཞིག་གི་སྣེ་ཁྲིད་དེ། དཔའ་ངར་གྱིས་གཡོགས་པའི་ངའི་སྲིད་པ་ཧྲིལ་པོར་སྐྱི་གཡའ་བའི་ན་བུན་རྫོབ་པོ་ཞིག་གིས་བསྟིམས་པར་བྱས། 

    དེའི་ཚེ།  ཁྱོད་ནི་མཁའ་དབྱིངས་ལ་འབར་བའི་མེ་ཟླུམ་ཞིག་དང་འདྲ་བར་ཁུ་སིམ་དང་རུལ་སུངས་ཀྱི་བར་གསེང་ནས་ཇེ་གསལ་རེད།  ཡིན་ནའང་།  ཁྱོད་ཀྱི་འཇིག་རྟེན་ལ་འཚོལ་སྙེག་བྱེད་པར་སྤྲོ་བའི་འདི་གའི་མི་ཚོགས་ནི།  རྩྭ་ཕུང་མེ་ལ་ཤོར་བའི་ངང་ཚུལ་ཇི་བཞིན་བྲེལ་བྲེལ་རྟབ་རྟབ་ཀྱིས་ཤིན་ཏུ་འཁྱག་པའི་དུས་རབས་ཤིག་ཏུ་འཚང་ཀ་ཤིག་ཤིག་གིས་བཞུད་པར་མཐོང་དུས། 

བདག་གིས་ལག་པ་རུམ་ལ་བཅུག་ནས་ཉིད་ཀྱི་ངོ་གདོང་ནི་སུ་ཞིག་གི་ཆོ་འཕྲུལ་ཡིན་ནམ། ཡང་ན། ནམ་ཞིག་གི་ཞོགས་པ་ཡིན་ནམ་སྙམ་པའི་དོགས་གཞི་དང་བསམ་གཞིག་བྱེད་དགོས་བྱུང་། 

    ཞོར་དུ་མཐོང་འོང་བ་ནི།  དུམ་བུར་སོང་བའི་རྣམ་ཤེས་ཕྱེད་ཀ་མ་འདིས་ཨ་ལན་ཉོབ་པོ་ཞིག་གི་ཟོལ་དུ་བརྫུས་ནས་ཡོད་ཚད་ལ་མཇུག་སྡོམ་རྒྱག་པར་བྲེལ་ཡོད་རུང་།  འཇིག་རྟེན་འདིར་ད་དུང་ཟླ་བ་མག་མོག་དེས་སྣེ་ཁྲིད་པའི་ནམ་མཁའ་གཞན་པ་དེའི་ནམ་ཟླ་ལའང་རྨ་བྱ་ལྟ་བུའི་མཛེས་ཉམས་དང་དབྱར་ཁ་ལྟ་བུའི་གནམ་གཤིས་ཤིག་ཡོད་སྲིད་པའི་འཁྲུལ་སྣང་སྟེར། 

   དོ་ནུབ་ངས་མདུན་ཅོག་སྟེང་གི་གློག་སྒྲོན་འོག་ནས་ཅི་ཞིག་ཤེས་མདོག་གིས་སྟོང་བསམ་གྱི་རྒྱ་མདུད་ཤོག་ངོས་སུ་བཀྲོལ་ནས།  སྙན་ངག་མ་ཡིན་པའི་སྙན་ངག་ཅིག་གི་འགྱུར་ཁུགས་འཚོལ་སླད་དུ།  ཁང་པའི་ཕྱི་རོལ་གྱི་འབྲོག་ཁྱིའི་ཟུག་སྐད་ལ་ཉན་ཞོར་ཟླ་བའི་འཆར་སྟངས་ལ་ཡང་ཡང་ཅེར། 

 ནུབ་མོ་དེར་སྒེའུ་ཁུང་ཕྱི་རོལ་གྱི་གནམ་གཤིས་ཧ་ཅང་གྲང་ནའང་ངས་ནན་ཏན་གྱིས་སྐར་མའི་ཆེ་ཆུང་ལ་ཞིབ་བརྩིས་བྱས་ཤིང་སྐར་མའི་གྲངས་ཀ་ལ་ཕྱིར་འདང་བྱས་མཐར།  བདག་ལ་མཁོ་བའི་སྐར་མ་འོད་ཆེན་ནི་གཏན་ནས་མ་རྙེད།  གང་ཞིག་ཏུ་བཞུད་སོང་བའི་སྐར་མ་འོད་ཆེན་ལགས།  དོ་ནུབ་མིག་ཀོང་མཆི་མས་བཀང་སྟེ་བྱང་མཐའ་ནས་ལྷོ་སྣེ་བརྒལ་ཏེ་ཁྱོད་རང་བཙལ་བར་བྱ།  དོ་ནུབ་རུས་ཟད་རྐང་ལ་ཐུག་རུང་སྲིད་རྩེ་ནས་དམྱལ་ཁམས་བརྒྱུད་དེ་ཁྱོད་རང་བཙལ་བར་བྱའོ།།       

                               གཉིས།

         ས་སྲོད་དེར།  སྨུག་པ་བན་བུན་དུ་ལྡང་ཞིང་ཆར་བ་ཟམ་ཟིམ་དུ་འཇོ་བས་ལམ་ཁ་དེ་རབ་རིབ་ཏུ་གྱུར་འདུག།  བདག་གིས་རི་ཆུ་ནགས་གསུམ་གྱི་བསྣོལ་མཚམས་ནས་བཞུད་ལམ་ཕྲ་མོ་ཁད་ཀྱིས་གཤགས་ཤུལ་དུ།   ནར་མ་སོན་པའི་བརྩེ་བའི་མེ་ཏོག་གང་ཞིག་ཤུགས་དབྱངས་དང་བསྡོངས་ཏེ་མྱ་ངམ་གྱི་ཐང་དཀྱིལ་དུ་ལྷུང་བའི་གཏམ་འཁྱར་ཐོས།   

    ད་དུང་སེམས་པ་འཕྲོག་པའི་གདོན་གཟུགས་དེ་དག་ངའི་སྒེའུ་ཁུང་དང་སྒོ་གསེབ་ནས་བཙན་གྱིས་འཛུལ་འོང་དུས།  བརྩེ་བ་དང་འཇིགས་སྣང་གི་འགལ་འདུའི་བར་ནས་ཤུགས་གླུ་རིང་མོ་ཞིག་སྟོང་བསམ་གྱི་མེ་ལ་བསྒྲོན་ནའང་།    སྐབས་སུ།  ངའི་བག་ཆགས་ལ་བསྒོས་པའི་ཁ་དོག་དེ་དག་རྙོག་འཛིང་གི་གཡུལ་ས་དེ་ནས་ཕྱིར་ཡོང་མེད་པར་འཛུམ་མདངས་བཅོས་མའི་དབྱིངས་ལ་སིམ།  ཡིན་རུང་།  ཉི་ཚེ་བའི་བརྩེ་བ་མི་མཁོ་བའི་འཇིག་རྟེན་ནག་པོ་དེ་ནས་ལོ་ཟླའི་འཁོར་ལོ་རིང་མོར།  ཁྱོད་ཀྱི་སེམས་བྱུང་ལ་སྟོང་ཆ་སྐོང་ཐུབ་པའི་གདེང་ཚོད་དང་ཚོར་འདུ་གཏན་ནས་མངོན་མི་ཐུབ།  དེ་ལྟ་ནའང་།  སེམས་ཁྲལ་ནི་ཐིག་ལེ་ཕྲ་མོ་ཞིག་དང་འདྲ་བར་གྱེན་དུ་འགྲེངས་པའི་སྒལ་ཚིགས་ཀྱི་བང་རིམ་ཁྲོད་ཀྱི་གྲིབ་གཟུགས་ལ་སྦས་ནས་ཡོད།

      ད་ལྟ་ལུས་ཀྱི་ཁྲག་ལམ་དུ་འཕར་གྱིན་པའི་འབུ་ཕྲ་འདི་ནི་ངའི་སེམས་པའི་སྒང་གཞུང་ན་འཁོར་བའི་སེམས་ཚོར་ཡིན་སྲིད་ནའང་།  ཁྱོད་ཀྱི་རྒྱབ་གཞུང་ནས་བཞུར་བའི་གཙང་པོ་འདིས་ངའི་སྙིང་རྩ་སིག་སིག་ཏུ་བསྒུལ་བྱུང་།  མ་ཟད།  མདུན་ཕྱོགས་སུ་ལྡང་བའི་ཐོལ་རླུང་དེས་ཀྱང་ངའི་བྲང་ཁོག་དཀྲུགས་ནས་འཕུར་ཤོར།    གང་ལྟར།  ཡ་མ་བརླ་ཡི་འཚོ་བར་ཡིབ་པའི་གསང་བ་འདི་དག་བདག་གི་ཚེ་སྲོག་ལ་བྲིས་པའི་རི་མོ་ཡིན་པས།  ཐལ་རླུང་ལ་འདྲེས་པའི་ངའི་ལོ་ཟླ་སྐྱེན་པོ་འདི་ནི་ཁྱོད་ལ་དབང་བའི་རྒུན་ཆང་སིལ་མ་ཞིག་དང་གཏན་ནས་མི་འདྲའོ།། 

  ལན་རེར།  མི་ཚོགས་མཐུག་པའི་ཁྲོམ་སྲང་དེར་ལུས་པོ་གཅེར་བུར་བུད་དེ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུག་པར་འདོད་ཀྱང་།  ནན་གྱིས་གཞལ་ན་བདག་གིས་འཚོལ་གྱིན་པའི་གསང་བའི་སྐུད་སྣེ་དེ་ནི་གང་སར་སྦྲེལ་བའི་རྣོ་ཐག་ཅིག་དང་ཀུན་ནས་མཚུངས།  དེ་ནི་རིང་ནས་འཚོལ་བའི་བརྩེ་དུང་གི་ཐང་དཀར་རྒོད་པོ་ལ་ཐོགས་པའི་གཤོག་པ་ཟུང་གཅིག་གི་ཚབ་ཏུ་བསྒོམས་རུང་།    རྡེའུ་འབུམ་ལྟར་བརྩིགས་པའི་བརྩེ་བ་རྫུན་མའི་འཇིག་རྟེན་ཁྲ་བོ་དེར།  རིན་ཐང་གི་ལྟ་བ།  གུ་ཡངས་པའི་ཁོར་ཡུག  སླད་མེད་པའི་བརྩེ་སེམས།  ཡང་དག་པའི་གདོང་གྲོགས་བཅས་ཀྱི་དཔུང་གཉེན་དང་མགོན་སྐྱབས་མ་རྙེད་པར་བྲག་ཁུང་དེ་ནས་སླར་ཡང་ལག་སྟོང་མཆན་སྟོང་གིས་བསྡད་དགོས་བྱུང་། 

  • ལེ་ཚན་སྔོན་མ།:སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ལ་རོལ་མྱོང་བྱེད་སྟངས་ཤིག
  • ལེ་ཚན་རྗེས་མ།:ངའི་མིག་ནང་གི་མི་སྒྲོལ་མ། ངའི་སེམས་ནང་གི་ལྷ་སྒྲོལ་མ།